མཆིན་ནད་ལ་དོགས་ཟོན་བྱོས།

ཉེ་ཆར་སྐད་འཕྲིན་ཐོག་གི་རྩོམ་ཐུང་ཞིག་ཏུ་བཀོད་པ་ལྟར་ན། “མཚོ་སྔོན་གྱི་མི་གྲངས་ཁྲི་557.3 གྱི་ནང་ནས་བོད་རིགས་109 ཡོད་པས་ཞིང་ཆེན་གྱི་མི་གྲངས་བརྒྱ་ཆ་20.78་ཟིན་ཡོད་མོད། འོན་ཀྱང་བོད་རིགས་མཆིན་ཚད་ནད་པས་ཞིང་ཆེན་ཡོངས་ཀྱི་ནད་པའི་བརྒྱ་ཆ་50 ་ཟིན་གྱི་འདུག་ཅེས་པའི་གནས་ཚུལ་གསར་ལམ་ཁག་ཏུ་བསྒྲགས་པ་བཞིན་རེད།”–(ཡིག་ནོར་སོགས་ཀྱང་རང་སོར་བཞག་ནས་སྐད་འཕྲིན་སྟེང་གི་ཇི་བཞིན་བཀོད་ཡོད།) — གནས་ཚུལ་འདིའི་ཁུངས་གང་ལ་གཏུགས་མིན་སོགས་མ་རྩོམ་དེར་ཅི་ཡང་བཀོད་མི་འདུག བདག་གི་ངོས་ནས་དེའི་ཁུངས་རེ་ཨེ་རྙེད་བསམ་ནས་དྲ་ཐོག་ནས་ཡུན་རིང་བཙལ་ཀྱང་ཁུངས་གཏུགས་ས་འདི་ཟེར་བ་ཞིག་རྙེད་མ་སོང་། གང་ལྟར། མཆིན་པ་ནད་པའི་གྲངས་འབོར་འདི་ཕྱི་ནང་གི་བོད་རིགས་ཚོའི་ཁྲོད་དུ་མི་ཉུང་བས། འདིར་ཆེད་དུ་རྩོམ་ཡིག་འདི་བསྒྱུར་འགོད་བྱས་ཡོད།

20480191འཛམ་གླིང་སྤྱིའི་འཕྲོད་བསྟེན་ལ་འཇིགས་སྣང་སྐུལ་མཁན་གྱི་ནད་གཞི་གཅིག་ནི་མཆིན་པའི་ནད་དུག་འདི་ཡིན་ལ། ཨ་རིར་མཚོན་ན་ཡང་མི་འབོར་ས་ཡ་4.4 ཙམ་ལ་ནད་འབུ་འདི་ཕོག་ཡོད། ནད་གཞི་འདིའི་ཉེན་ཚབ་ཀྱི་རང་བཞིན་ལ་གཞིགས་ནས། ལོ་རེའི་སྤྱི་ཟླ་ལྔ་བ་ནི་མཆིན་ནད་ཀྱི་གོ་རྟོགས་སྤེལ་བའི་ཟླ་བར་བརྩི་སྲུང་བྱེད་པ་དང་། ཟླ་5་བའི་ཚེས་19 ཉིན་མོ་འདི་མཆིན་ནད་བརྟག་པའི་ཉིན་མོར་གཏན་འཁེལ་བྱས་ཡོད་པ་རེད། གཤམ་འདིར་འཛམ་གླིང་ཁྱོན་ལ་ཁྱབ་ཆེ་བའི་མཆིན་ནད་རིགས་གསུམ་པོའི་སྐོར་ཉིང་བསྡུས་རེ་བཀོད་ཡོད།

 

མཆིན་ཚད་ཀ་པ། (Hepatitis A) འདི་ནད་ཡམས་བཞིན་ཁྱབ་སྲིད་པ་ཞིག་དང་། ཁྱབ་བཞིན་པ་ཞིག་ཀྱང་ཡིན།

Teeth_1214723cམཆིན་ནད་ཀ་པའི་ནད་འབུ་ཕྲ་མོ་འདི་སྙིགས་མའི་སླད་ཞུགས་པའི་ཟ་མ་དང་། འཐུང་ཆུ་སོགས་བརྒྱུད་ནས་མིར་འགོས་པ་ཞིག་ཡིན། ནད་རིགས་འདི་མཆིན་ཚད་ཀ་པའི་ནད་པ་མང་སའི་ས་ཁུལ་ཁག་ནས་ཁྱོད་ལ་འགོས་ཉེན་ཆེ་བ་ཙམ་དུ་མ་ཟད། དེང་གི་དུས་སུ་ལས་སྣོན་སྣ་ཚོགས་བྱས་པའི་སྙིགས་ཟས་གང་སར་དར་ཡོད་པ་དང་། གཙང་སྤྲ་མི་བཟང་བའི་ཟ་ཁང་དག་ནས་ཟ་མ་བཟའ་རྒྱུ་ཉིན་ལྟར་ཇེ་མང་དུ་འགྲོ་བཞིན་ཡོད་པས། ནད་གཞི་འདི་འགོས་ཉེན་ཧ་ཅང་ཆེན་པོ་ཡོད། ཟ་མར་ལྷད་ཞུགས་པའི་གནད་དོན་འདི་ཐོག་མར་ཞིང་རྨོ་དུས་དང་། སྟོན་བསྡུ་དུས། ཉར་ཚགས་བྱེད་དུས། ཟས་གཡོལ་སྦྱོར་བྱེད་དུས། ཐ་ན་མ་ལ་བཟོས་ཚར་བའི་རྗེས་སུའང་ལྷད་ཞུགས་པ་རེད། དེ་བས། བཟའ་བཏུང་ལ་དོ་སྣང་བྱེད་རྒྱུ་གལ་གནད་ཆེན་པོ་ཡིན། ཟ་མ་བརྒྱུད་ནས་ཁྱབ་བརྡལ་འགྲོ་བའི་དཔེར་མཚོན་གཅིག་ནི་སྤྱི་ལོ་2013 ལོའི་ཟླ་9་པའི་ཚེས་20 ཨ་རིའི་བྱང་ཁུལ་དུ་བྱུང་བའི་དོན་རྐྱེན་དེ་ཡིན། ཨ་རིའི་མངའ་སྡེ་ཨོརིས་གྷན་གྱི་ཞིང་ལས་ཁེ་ལས་ཤིག་གིས། ཊར་ཀིས་(Turkey) རྒྱལ་ཁབ་ནས་ནང་འདྲེན་བྱའི་ས་བོན་ཞིག་འདེབས་ལས་ཀྱིས་དེའི་རྩི་ཏོག་འཚོང་བཞིན་ཡོད། གོང་ཚེས་ཉིན་ཁེ་ལས་ཚོགས་པ་དེས་ཉིན་དེའི་འཛད་སྤྱོད་པ་ཚང་མར་ཁ་པར་གཏོང་བ་དང་། བརྙན་འཕྲིན་བརྒྱུད་ལམ་སོགས་ནས་རྩི་ཏོག་བྱེ་བྲག་པ་དེ་བཟའ་མི་རུང་བ་དང་། ཕྱིར་ཚོང་ཁང་ཁག་ཏུ་སྐྱེལ་དགོས་པའི་བརྡ་བཏང་། རྩི་ཏོག་དེའི་ས་བོན་ལ་ལྷད་ཞུགས་ཡོད་པས། དེ་བཟའ་མཁན་དག་ལས་མངའ་སྡེ་ཁག་10་ནང་གི་མི་གྲངས་162 ལ་ནད་དུག་ཕོག་ཅིང་། མི་གྲངས་71 ཙམ་སྨན་ཁང་དུ་ཞག་སྡོད་བྱེད་དགོས་བྱུང་ཡོད། གནས་ཚུལ་དུས་ལྟར་ཤེས་པ་དང་། སྨན་བཅོས་དུས་ཐོག་ཏུ་བྱས་པས་འཆི་ལམ་དུ་སོང་བའི་དོན་དག་མ་བྱུང་། མཆིན་ནད་ཀ་པར་སྔོན་འགོག་སྨན་ཚད་ལྡན་ཡོད་པ་མ་ཟད། བདེ་འཇགས་ཡིན་པས་བྱིས་པ་ཚོར་ངེས་པར་ཏུ་རྒྱག་དགོས་པའི་སྔོན་འགོག་སྨན་ཁབ་ཅིག་ཡིན། གོང་གི་གནས་ཚུལ་དེའི་ཁྲོད་དུ་ཁྱོན་བྱིས་པ་18 ཡོད་པ་ལས་11 ལ་ནད་དུག་ཕོག་ཅིང་། ནད་དུག་ཕོག་མཁན་ཚོ་ནི་མཆིན་ནད་ཀ་པའི་སྔོན་འགོག་སྨན་བརྒྱབ་མེད་པ་ཤ་སྟག་ཡིན།

 

མཆིན་ནད་ཁ་པ།(Hepatitis B) ཨེ་ཤི་ཡའི་མི་དང་། ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་མིའི་ནང་ལ་ཚད་མཐོན་པོ་ཡོད།

Mum looks at the kid sucking a breast, isolated on white
མཆིན་ནད་ཁ་པ་འདི་མ་ལས་ཕྲུ་གུར་འགོས་པའང་ཡོད།

ཨ་རིའི་ནང་གི་ཨེ་ཤི་ཡ་དང་། ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་གི་མིའི་གྲངས་འབོར་གྱིས་ཨ་རིའི་མི་འབོར་སྤྱིའི་བརྒྱ་ཆ་ལྔ་(5%)ལས་ཟིན་མེད་མོད། ཁོང་ཚོའི་མཆིན་ནད་ཁ་པའི་ནད་པའི་གྲངས་འབོར་གྱིས་ཨ་རིའི་ནང་གི་མཆིན་ནད་ཁ་པའི་ནད་པ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་ལྔ་བཅུ་(50%) ཟིན་ཡོད། དོན་དངོས་ཐོག ཨ་རིའི་ནང་གི་ཨེ་ཤི་ཡའི་མི་12 ནང་གི་1 ལ་མཆིན་ནད་ཁ་པའི་ནད་ཡོད་མོད། མང་པོ་ཞིག་གིས་ད་དུང་མ་ཤེས་པར་ལྷག་ཡོད། ཨ་རིའི་ནང་མཆིན་ནད་ཁ་པར་སྨན་བཅོས་མ་བྱས་པར་བཞག་མཁན་གྱི་བརྒྱ་ཆ་ཉི་ཤུ་རྩ་ལྔ་25% ལ་མཆིན་པ་སྲ་འགྱུར་དང་ ་མཆིན་སྐྲན་སོགས་ཀྱི་ནད་གཞི་ཚབས་ཆེན་འབྱུང་བཞིན་ཡོད། སྟབས་ལེགས་པ་ཞིག་ལ། གལ་སྲིད་དུས་ཐོག་ཏུ་སྨན་བཅོས་བྱེད་པ་དང་། བདག་སྐྱོང་བྱས་པ་ཡིན་ན་བཅོས་ཐབས་རབ་དང་རིམ་པ་ཞིག་ཡོད་པ་དག་གིས་ནད་གཞི་ཇེ་དལ་དུ་གཏོང་བའམ་མཆིན་པར་གནོད་པ་སྐྱེལ་མཚམས་འགོག་ཐུབ་ཀྱིན་ཡོད།

 

མཆིན་ནད་ག་པ། (Hepatitis C) འདས་པའི་ལོ་ངོ་ཉེར་ལྔའི་རིང་གི་ཞིབ་འཇུག་གིས། ད་ཆ་ནད་གཞི་འདི་བཅོས་ཐུབ་པར་གྱུར་ཡོད།

GetImage.aspxལོ་ངོ་ཉེར་སྔོན་ལ་མཆིན་ཚད་ག་པའི་ནད་འབུ་འདི་གཞི་ནས་ངོས་འཛིན་ཐུབ་པར་གྱུར་ཞིང་། དུས་དེ་ཙམ་ནས་འདི་ལ་མཆིན་ཀ་བ་དང་ཁ་བ་མ་ཡིན་པ་ཟེར་བའི་ཚབ་ལ་མཆིན་ནད་ག་པ་ཞེས་པའི་མིང་བཏགས་པ་རེད། དུས་དེ་ཙམ་ནས་ད་ལྟའི་བར་དུ་འདིའི་བཅོས་ཐབས་ཐད་ལ་འཕེལ་རྒྱས་ཆེན་པོ་སོང་ཡོད་ཀྱང་། མི་མང་གི་གོ་རྟོགས་ཆ་ནས་བཤད་ན་མི་མང་པོ་ཞིག་གིས་རང་ཉིད་ལ་ནད་གཞི་འདི་ཕོགས་ཡོད་པའང་མ་ཤེས་པར་ལྷག་ཡོད། ཨ་རིའི་ནད་རིགས་སྔོན་འགོག་ལྟེ་གནས་ཀྱིས་སྤྱི་ལོ་1945 ནས་སྤྱི་ལོ་1965 བར་ཨ་རིའི་ནང་སྐྱེས་པའི་མི་ཡོངས་ལ་མཆིན་ནད་ག་པ་ཡོད་མེད་ཁྲག་ལ་བརྟག་དཔྱད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། དུས་སྐབས་དེར་སྐྱེས་པའི་མི་རྣམས་པ་མཆིན་ནད་ག་པ་ཕོག་པའི་ཉེན་ཁ་གཞན་དང་བསྡུར་ན་ལྡབ་བཞི་དང་ལྔ་ཡིས་ཆེ་བ་ཡོད། མཆིན་ན་ག་པ་ཕོག་པའི་མི་རྣམས་ལ་ནད་རྟགས་གང་ཡང་མངོན་རྒྱུ་མེད་པར་བགྲང་བྱ་བཅུ་ཕྲག་ཁ་ཤས་རིང་སྡོད་པ་དང་། གནས་སྐབས་དེར་མཆིན་པ་ན་བ་སོགས་ཀྱི་སྣང་ཚུལ་ཡང་མི་འབྱུང་བར་སྲིད། ཡིན་ན་ཡང་། ནད་འབུས་ཁུ་སུམ་མེར་མཆིན་པ་ལ་གཏོར་ཤིག་གཏོང་གིན་ཡོད། སྟབས་ལེགས་པ་ཞིག་ལ་དེང་སང་མཆིན་ནད་ག་པ་གཙང་སེལ་ཐུབ་པའི་སྨན་བཅོས་ཚད་ལྡན་ཡོད་པར་གྱུར་བ་རེད།

དེ་སྔོན་ཡིན་ན་མཆིན་ནད་ག་བ་ནི་ཆེས་འཇིགས་སུ་རུང་བར་བརྩི་བ་དང་། ནད་འདི་ཕོག་མཁན་ཕལ་ཆེ་བ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད། ནུབ་ཕྱོགས་པ་ཚོས་རང་གི་མིག་མདུན་གྱི་དཀའ་ངལ་དངོས་ལ་དམིགས་སྒོ་གཏད་ནས་ད་ཆ་ནད་གཞི་འདི་གཙང་སེལ་ཐུབ་པའི་བཅོས་ཐབས་རྙེད་པར་གྱུར་བ་རེད། མཆིན་ནད་ཁ་པ་ནི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་དར་ཁྱབ་ཆེ་ཞིང་། དེ་རིང་ད་དུང་ཡང་གཏན་འཁེལ་བའི་བཅོས་ཐབས་ཤིག་རྙེད་མེད།

འདིའི་རྗེས་སུ་ང་ཚོས་མཆིན་ནད་ཁ་པ་དང་། དེའི་རང་བཞིན། འགོས་ཁྱབ་འགྲོ་ཚུལ། གསོ་བཅོས་བྱེད་ཐབས། སྔོན་འགོག་བྱེད་ཐབས་སོགས་ཀྱི་སྐོར་ལ་གླེང་རྒྱུ་ཡིན་པས། སྐུ་ཉིད་ནས་རྩོམ་ཡིག་འདི་དྲ་ཐོག་འདི་ནས་བོད་ཡིག་འབྲི་ཀློག་མི་ཤེས་མཁན་དང་། དྲ་རྒྱ་དང་ཁ་པར་ཐོག་ནས་ཀློག་རྒྱུའི་ཆ་རྐྱེན་མེད་མཁན་དག་གི་སར་སྐྱེལ་རྒྱུ་བདག་གི་རེ་བ་ཡིན་ལ། ཁྱེད་ཉིད་ཀྱི་སྤྲོ་སྣང་ཡང་ཡིན་པའི་སྨོན་ལམ་འདེབས་ཀྱིན་ཡོད།

འབྲེལ་ཡོད་ཤེས་བྱ་གཞན་ལ་གཟིགས་ན་འོག་འདིར་སྣུན།

མཚོ་སྔོན་ཞིང་ཆེན་གྱིས་མཆིན་ནད་ལྡེམ་བུའི་བདེ་ཐང་སློབ་གསོའི་ཐེ་གཏོགས་ལས་གཞི་འགོ་བརྩམས་པ།

༼བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་༽ནི་འཕྲོད་བསྟེན་ཚན་རིག་ཤེས་བྱ་ཁོ་ན་སྤེལ་སའི་སྒེར་གཉེར་བོད་ཡིག་དྲ་ཚིགས་ཤིག་ཡིན་ལ། དྲ་ཚིགས་འདི་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ཁེ་ལས་དང་ཁེ་ལས་མ་ཡིན་པའི་ཚོགས་སྡེ། ཆོས་ལུགས་དང་ཆབ་སྲིད་ཤོག་ཁག་གང་གི་ཁུངས་སུ་ཡང་མི་གཏོགས་པ་མ་ཟད། དེ་དག་གང་གིས་ཀྱང་ཐེ་གཏོགས་དང་རོགས་སྐྱོར་བྱེད་ཀྱིན་མེད།

www.commuhealtibet.org  ཁྱེད་ཉིད་ཕེབས་པར་དགའ་བསུ་ཞུ།

མཆིན་ནད་ལ་དོགས་ཟོན་བྱོས།”སྐོར་ལ་མཆན་3འདུག

  • 2015-09-08 at 1:46 pm
    Permalink

    ཁྱེད་ཀྱི་དྲ་ཚིགས་འདི་ཧ་ཅང་ལེགས། མུ་མཐུད་རྒྱུན་སྐྱོང་ཡོང་བའི་རེ་བ་དང་སྨོན་ལམ་ཡོད། བཀའ་དྲིན་ཆེ།

    Reply
    • 2015-10-10 at 3:27 am
      Permalink

      ཐུགས་རྗེ་ཆེ་

      Reply
  • 2016-07-18 at 10:19 pm
    Permalink

    འབྲེལ་བ་གནང་རོགས་་་

    Reply

Leave a Reply

Your email address will not be published. Required fields are marked *