དཀར་ཡོལ་ནང་གི་དུག་འབུ།

འདྲེ་རིག་ལྡན།

“རིགས་རྫས་བསྐྱར་སྒྲིག་གི་སྐྱེ་ལྡན་”ནམ། རིགས་རྫས་མ་ལག་ལ་བཙན་གྱིས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་(Genetically Modified Organism/转基因生物)ཟེར་བ་འདི་བོད་སྐད་ཡིག་ལ་མཚོན་ན་ཐ་སྙད་གསར་པ་གསར་རྐྱང་ཞིག་ཡིན་པ་མ་ཟད། ནུབ་ཕྱོགས་ལ་མཚོན་ན་ཡང་མང་ཁྲོད་དུ་ཤེས་རྟོགས་ཧ་ཅང་ཆུང་བའི་གནས་ཚུལ་ཞིག་ཡིན། དེ་བས། ཟས་རིགས་དང་འབྲེལ་བའི་འཕྲོད་བསྟེན་མ་བཤད་སྔོན་ལ་ང་ཚོས་”ཅི་ཞིག་ལ་རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་”ཟེར་མིན་ཐད་རོབ་ཙམ་གླེང་།

སྐྱེ་དངོས་ཚན་རིག་གི་ངོས་ནས་བཤད་ན། སྐྱེ་ལྡན་ཟེར་བ་ནི་སྲོག་ལྡན་ཞིག་སྟེ། དཔེར་ན་རྩི་ཤིང་ལྟ་བུའམ། དུད་འགྲོ་སྲོག་ཆགས་སམ། ཡང་ན་ཕྲ་ཕུང་གཅིག་གིས་གྲུབ་པའི་སྐྱེ་དངོས་ཤིག་ལ་གོ་བ་ཡིན། མི་དང་། གླང་ཆེན། བྱ། མེ་ཏོག འབུ་ཕྲ་(bacteria/菌)། ཕྱེ་མ་ལེབ་དང་། མ་རྨོས་ལོ་ཏོག ཀུ་ཤུ སྒོག་པ། འབྲུ་རིགས། ཁྱི་སོགས་ཚང་མ་སྐྱེ་ལྡན་གྱི་དཔེར་མཚོན་ཡིན།

རིགས་རྫས་བསྐྱར་སྒྲིག་གི་སྐྱེ་ལྡན་རྣམས་མིའི་འཕྲོད་བསྟེན་ཐད་བདེ་འཇགས་ཡིན་མིན་ད་དུང་བཤད་ཚོད་ཐིག་དཀའ།
རིགས་རྫས་བསྐྱར་སྒྲིག་གི་སྐྱེ་ལྡན་རྣམས་མིའི་འཕྲོད་བསྟེན་ཐད་བདེ་འཇགས་ཡིན་མིན་ད་དུང་བཤད་ཚོད་ཐིག་དཀའ།

སྐྱེ་ལྡན་ཡོད་དོ་ཅོག་ལ་རང་རང་གི་རིགས་རྫས་(DNA/脱氧核糖核酸)ཡོད།༼སྐྱེ་ལྡན་རིགས་འགར་རིགས་རྫས་ཡོད་མེད་མ་ངེས་པར་བཤད་ཀྱང་སྐབས་བབ་དང་འབྲེལ་བ་མེད་པ་མ་ཟད། སྐབས་དོན་དང་འབྲེལ་ཆགས་པའི་སྐྱེ་ལྡན་ཡོངས་ནི་རིགས་རྫས་ཡོད་ངེས་ཅན་ཡིན་པས་ང་ཚོས་དེ་ལྟར་གླེང་།༽རིགས་རྫས་ནི་སྐྱེ་ལྡན་ཞིག་གི་ཕྱིའི་རྣམ་པ་དང་ནང་གི་གྲུབ་ཆ་སོགས་མདོར་ན་སྐྱེ་ལྡན་བྱེ་བྲག་པ་དེའི་སྐྱེ་འཚར་འཇིག་གསུམ་གྱི་འབྱུང་འགྱུར་ཡོད་ཚད་གཏན་ལ་ཕབ་ཡོད་པའི་སྒྲིག་ཡིག་ལྟ་བུ་ཡིན། མི་ཞིག་ལ་མཚོན་ན། རིགས་རྫས་ཀྱིས་གཟུགས་ཀྱི་རིང་ཚད་ག་ཚོད་བར་འཚར་ནུས་ཡོད་མིན་དང་། མི་དེའི་ཤ་མདོག སྐད་ཀྱི་སྦོམ་ཕྲ། སྐྲ་དང་མིག་གི་ཁ་དོག ཁའི་ནང་སོ་ག་ཚོད་ཅིག་སྐྱེ་མིན་སོགས། མདོར་ན་སྐྱེ་ལྡན་ཞིག་གི་སྣང་བརྙན་ཧྲིལ་པོའི་སྐྱ་ཐིག་ལྟ་བུ་ཡིན།

ང་ཚོ་རང་ཉིད་སྐྱེ་ལྡན་ཡིན་པ་དང་། ང་ཚོས་བཟའ་བཞིན་པའི་འབྲུ་རིགས་དང་། སྔོ་ཚལ། ཤིང་ཏོག ཤ་མར་ཐུལ་གསུམ། ཞོ་དང་འོ་མ། མར་སོགས་ཀྱི་ཟས་རིགས་ཕལ་ཆེ་བའང་སྐྱེ་ལྡན་ཡིན། དེ་བཞིན། ང་ཚོར་རང་རང་གི་རིགས་རྫས་ཡོད་པ་ཇི་བཞིན། ང་ཚོའི་སྐྱེ་ལྡན་བཟའ་བཅའི་རིགས་ཚང་མར་ཡང་རང་རང་གི་རིགས་རྫས་ཡོད།

དེས་ན་ཅི་ཞིག་ལ་རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་ཟེར་བ་ཡིན་ནམ་ཞེ་ན། དེ་ནི་སྐྱེ་ལྡན་གང་རུང་ཞིག་ལ་ཡོད་པའི་རང་བྱུང་གི་རིགས་རྫས་དེར། སྐྱེ་དངོས་ཚན་རིག་པ་ཚོས་རྫས་འགྱུར་བརྟག་དཔྱད་ཁང་ནས་བཙན་གྱིས་བསྐྱར་བཅོས་བྱས་པའི་སྐྱེ་ལྡན་རིགས་ལ་གོ་བ་རེད། ལྟོས་བཅས་ཀྱིས་གསར་པ་ཡིན་པའི་ཚན་རིག་ལག་རྩལ་འདིས་རང་བྱུང་གིས་འབྱུང་བའམ། ཡང་ན་སྲོལ་རྒྱུན་གྱི་སྡེབ་སྦྱོར་བྱེད་ལུགས་དང་མི་འདྲ་བར་རྩི་ཤིང་དང་། སེམས་ཅན། འབུ་ཕྲ། ཕྲ་སྲིན་སོགས་ཀྱི་རིགས་རྫས་ལ་ཆེད་དུ་བཅོས་སྒྱུར་གཏོང་བཞིན་ཡོད།

ཞིང་པ་ཚོས་ཞིང་ལས་འདེབས་དུས་ལོ་ཏོག་ཡག་པོ་སྨིན་པར་བར་ཆད་མང་པོ་ཞིག་ཡོང་བཞིན་པ་ལས་དཀའ་ངལ་ཆེ་ཤོས་ནི་ལོ་ཏོག་བཟའ་མཁན་ཞིག་འབུ་སྲིན་དང་རྩྭ་ཡན་གཉིས་རེད།

རིགས་རྫས་བསྐྱར་སྒྲིག་བྱས་པའི་མ་རྨོས་ལོ་ཏོག་ལ་ཞིབ་འཇུག་བྱེད་བཞིན་པའི་ཞིབ་འཇུག་པ།
རིགས་རྫས་བསྐྱར་སྒྲིག་བྱས་པའི་མ་རྨོས་ལོ་ཏོག་ལ་ཞིབ་འཇུག་བྱེད་བཞིན་པའི་ཞིབ་འཇུག་པ།

འབུ་སྲིན་བྱེ་བྲག་པ་དེ་གསོད་ཆེད་ལོ་ཏོག་དེའི་ས་བོན་གྱི་རིགས་རྫས་ལ་བཅོས་སྒྲིག་གིས་ཕྱིས་སུ་ལོ་ཏོག་སྐྱེས་མཚམས་དེས་འབུ་སྲིན་གསོད་བྱེད་ཀྱི་དུག་རྫས་ཐོན་བསྐྱེད་བྱེད་ཐུབ་མཁན་བཟོས་པ་རེད། སྤྱིར་ན་འབུ་སྲིན་གསོད་པའི་དུག་རྫས་འདི་ཐོན་བསྐྱེད་བྱེད་མཁན་ནི་འབུ་ཕྲ་(bacteria/菌)མིང་ལ་bacillus thuringiensis ༼བསྡུས་མིང་ལ་bt༽ཟེར་བ་དེ་ཡིན་པ་དང་། ལོ་ཏོག་དང་རྩི་ཤིང་རིགས་ཀྱིས་དུག་རྫས་འདི་ཐོན་བསྐྱེད་བྱེད་མི་ཐུབ། རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་ཁག་ཅིག་གི་རིགས་རྫས་ནང་འབུ་ཕྲ་འདིའི་རིགས་རྫས་གྲུབ་ཆ་བཙན་གྱིས་སྡེབ་ཡོད་པས། ཕྱིས་སུ་ལོ་ཏོག་དེས་རང་སྟེང་ནས་རང་ཉིད་ཟ་མཁན་གྱི་འབུ་སྲིན་གསོད་བྱེད་ཀྱི་དུག་རྫས་ཐོན་བསྐྱེད་བྱེད་ཀྱིན་ཡོད།

རྩྭ་ཡན་གྱི་དཀའ་ངལ་སེལ་ཆེད་དུས་རྒྱུན་ང་ཚོས་ཡུར་མའམ་རྩྭ་ཡན་ཡུར་བ་དང་། ཞིང་སྨན་གཏོར་བ་སོགས་ཀྱིས་རྩྭ་ཡན་གཙང་སེལ་བྱེད་ཐབས་བྱས་པ་རེད། འོན་ཀྱང་དེ་ནི་ལས་ཚགས་ཧ་ཅང་ཆེ་བའི་བྱ་བ་ཞིག་ཡིན་པ་མ་ཟད། རྩྭ་ཡན་ནམ་ཡུར་མའི་རིགས་ཁ་ཤས་ལ་ཞིང་སྨན་འགོག་པའི་ནུས་པ་༼herbicide resistant/抗除草剂 ༽རྙེད་པས་ཞིང་སྨན་གྱིས་རྩྭ་ཡན་མེད་པར་གཏོང་ཐུབ་ཀྱིན་མེད། དེ་བས། ང་ཚོས་དུས་ལྟར་ཞིང་སྨན་གསར་པའམ། རྩྭ་ཡན་རིགས་མང་ཤོས་གསོད་ཐུབ་མཁན་གྱི་ཞིང་སྨན་སྣ་ཚོགས་ལས་སྣོན་བྱེད་དགོས་བྱུང་བ་རེད། ཡིན་ན་ཡང་། ཞིང་སྨན་གྱི་ནུས་པས་རྩྭ་ཡན་གཅིག་བུ་མ་ཡིན་པར་ཞིང་ཁའི་ལོ་ཏོག་ཀྱང་གཞོམ་བཞིན་ཡོད་པས་ཞིང་པ་རྣམས་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་ཡོད། དེ་བས། ཁེ་གཉེར་བ་ཚོས་ས་བོན་གྱི་རིགས་རྫས་གྲུབ་ཆར་ཆེད་དུ་བཅོས་སྒྲིག་དང་རང་བྱུང་གི་ལོ་ཏོག་ལ་མེད་པའི་ཁྱད་ནུས་གསར་པ་དཔེར་ན་ཞིང་སྨན་འགོག་པའི་ནུས་པ་ཁ་སྣོན་བྱས་པ་རེད། འདི་ལ་ཞིང་སྨན་འགོག་སྲུང་ནུས་པའི་ལོ་ཏོག་༼herbicide resistant Corp/抗除草剂作物༽ཟེར། ས་བོན་འདི་སྐྱེས་ཡོང་དུས་ང་ཚོས་རྩྭ་ཡན་གསོད་བྱེད་ཀྱི་ཞིང་སྨན་དུག་ནུས་ཆེ་བ་དག་གཏོར་རུང་ལོ་ཏོག་ལ་ཞིང་སྨན་གྱི་དུག་ནུས་འགོག་པའི་ནུས་པ་ཡོད་པ་རེད། བལྟས་ཚོད་ཀྱིས་འདི་ཡག་རྟགས་ཤིག་ཏུ་སྣང་ཡང་། དོན་དངོས་ཐོག་ལོ་ཏོག་གི་རིགས་རྫས་ནང་ལ་རྩྭ་ཡན་གྱི་རིགས་རྫས་ལས་ཞིང་སྨན་འགོག་རྒོལ་གྱི་ཁྱད་ནུས་བསྲེས་སྦྱོར་བྱས་ཡོད།

༼རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་ལ་དོ་ཁུར་བྱེད་དགོས་དོན་ཡོད་དམ།༽

ཁེ་ལས་པས་རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་གྱི་དོན་དངོས་ལ་ལོག་འགྲེལ་གྱིས་མི་མང་ལ་མགོ་སྐོར་གཏོང་བཞིན་ཡོད།
ཁེ་ལས་པས་རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་གྱི་དོན་དངོས་ལ་ལོག་འགྲེལ་གྱིས་མི་མང་ལ་མགོ་སྐོར་གཏོང་བཞིན་ཡོད།

ཁོར་ཡུག་ལ་ཐེབས་པའི་ངན་ཤུགས། རྩྭ་ཡན་དང་འབུ་སྲིན་གསོད་བྱེད་ཀྱི་ཞིང་སྨན་ལས་རང་ཉིད་འགོག་སྲུང་བྱེད་ནུས་པའི་རྩྭ་ཡན་དང་འབུ་སྲིན་རིགས་རིམ་བཞིན་འཕེལ་འགྱུར་བྱུང་ནས་ཀུན་འཇོམས་རྩྭ་ཡན་(superweeds/超级细菌)དང་ཀུན་འཇོམས་འབུ་སྲིན་(superbugs/超级杂草)བསྐྱེད་བཞིན་ཡོད་པས། ཕྱིས་སུ་ཞིང་སྨན་ཤུགས་ཆེ་ནས་ཆེ་རུ་གཏོང་དགོས་ཀྱིན་ཡོད། ཞིང་སྨན་གྱི་དུག་ནུས་ཤུགས་ཆེ་ནས་ཆེ་རུ་གཏོང་བ་དེས་ས་གཞི་དང་ཆུའི་ཐོན་ཁུངས་སླད་ཀྱིན་ཡོད།

མཉམ་འབྲེལ་ཁེ་ལས་ཀྱི་དབང་སྒྱུར།

རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་གྱི་ས་བོན་ནི་མཉམ་འབྲེལ་ཁེ་ལས་ཁག་གིས་བཟོ་བཞིན་ཡོད་པ་མ་ཟད། ཁེ་ལས་སྡེ་ཁག་གསུམ་གྱིས་རྒྱལ་སྤྱིའི་ས་བོན་ཁྲོམ་རྭའི་ས་བོན་སྤྱིའི་བརྒྱ་ཆ་ལྔ་བཅུ་ལྔ་གསུམ་(53%) བདག་བཟུང་བྱས་ཡོད། རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་ཁག་ཅིག་གི་ས་བོན་ལོ་རེར་གསར་དུ་མ་ཉོས་ན་ལོ་སྔོན་མའི་ས་བོན་ལས་ཐོན་པའི་ལོ་ཏོག་ལ་ས་བོན་གྱི་ནུས་པ་མེད་པ་བཟོས་ཡོད་པས། མཉམ་འབྲེལ་ཁེ་ལས་ཁག་གིས་སོ་ནམས་ལས་རིགས་ཁྱོན་ཡོངས་ལ་དབང་བསྒྱུར་བྱེད་ཀྱིན་ཡོད།

མིའི་བདེ་ཐང་ལ་སྤྲད་པའི་ཉེན་ཁ།

རིགས་རྫས་བསྐྱར་སྒྲིག་བྱས་པའི་སྐྱེ་ལྡན་དག་མིའི་བཟའ་བཏུང་ལ་རུང་མིན་དང་བདེ་འཇགས་ཡོད་མེད་ཐད་ཚན་རིག་ཞིབ་འཇུག་གི་གྲུབ་དོན་གཏིང་ཐག་ཆོད་པ་གཅིག་ཀྱང་མེད། མདོར་ན། རིགས་རྫས་བསྐྱར་སྒྲིག་གི་སྐྱེ་ལྡན་རྣམས་མིའི་བདེ་ཐང་ཐད་ཉེན་ཁ་མེད་པ་དང་། བདེ་འཇགས་ཡིན་ལུགས་སྒྲོགས་མཁན་གྱི་ཞིབ་འཇུག་པ་མང་པོ་ཞིག་ཡོད་པ་ཚང་མ་ཁེ་ལས་སྡེ་ཁག་དེ་དག་གི་མ་དངུལ་ལ་བསྟེན་ནས་ཞིབ་འཇུག་བྱས་པ་ཤ་སྟག་ཡིན་པ་མ་ཟད། ཆེས་རིང་བའི་ཞིབ་འཇུག་གི་དུས་ཡུན་ཉིན་གྲངས་དགུ་བཅུ་ཡིན། དེ་ཡང་ཞིབ་འཇུག་པ་ཚོས་ཁེ་ལས་སྡེ་ཁག་དེ་དག་གི་མ་དངུལ་ལ་བསྟེན་ཡོད་པས། ཞིབ་འཇུག་གྲུབ་དོན་ཁག་ཁེ་ལས་སྡེ་ཁག་གི་ཆོག་མཆན་མ་ཐོབ་བར་པར་སྐྲུན་བྱེད་ཆོག་གི་མེད། རིགས་རྫས་བསྐྱར་སྒྲིག་གི་སྐྱེ་ལྡན་འདི་དག་མིའི་བདེ་ཐང་ཐད་བདེ་འཇགས་ཡིན་མིན་རྩད་ཆོད་པ་ལ་ཚད་བཀག་དང་སྟངས་འཛིན་མེད་པའི་ཞིབ་འཇུག་དུས་ཡུན་རིང་ཙམ་བྱེད་དགོས། ཡིན་ན་ཡང་། མིག་སྔའི་བར་དེ་ལྟའི་གོ་སྐབས་ཤིག་ཐོབ་མེད།

༼མིག་སྔའི་བོད་ཁུལ་གྱི་རང་བྱུང་དང་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་ནི་ང་ཚོའི་འཕྲོད་བསྟེན་དང་བདེ་ཐང་གི་ལྕགས་རིའི་རིམ་པ་ཞིག་ཏུ་གནས་ཡོད། ཡིན་ན་ཡང་། དེང་གི་དུས་སུ་ང་ཚོའི་བདེ་སྲུང་གི་ལྕགས་རིའི་རིམ་པ་དེར་འཕོ་འགྱུར་ཅི་ཞིག་འགྲོ་བཞིན་ཡོད་དམ། ༽

དཔྱད་གཞི་རྒྱུ་ཆ།(Reference)

དཀར་ཡོལ་ནང་གི་དུག་འབུ།”སྐོར་ལ་མཆན་3འདུག

  • 2016-05-20 at 1:39 am
    Permalink

    དེང་གི་ཆར་མི་མང་པོ་ཞིག་གིས་རང་ཉིད་ཀྱི་སྡོད་ཁང་ནང་དུ་འདྲེ་ཤིག་སོགས་འབུ་སྲིན་རིགས་མི་འཁོར་བའི་ཆེད། ཚོན་གྱི་ནང་དུ་འབུ་སྲིན་གསོད་བྱེད་ཀྱི་སྨན་རྫས་བསྲེས་ཏེ་ཚོན་བཏང་དང་གཏོང་བཞིན་འདུག །ཉིད་ཀྱིས་གཟིགས་ན་འདི་ཉེན་ཁ་ཅན་དང་། ཡང་ན་བདེ་ཐང་ལ་གནོད་པ་ཞིག་རེད་དམ།

    Reply
  • 2016-05-20 at 1:57 am
    Permalink

    དགའ་ཉག་མཁྱམ་པོ་ལགས་ཕེབས་པར་དགའ་བསུ་ཞུ། རྫས་འགྱུར་རིག་པ་བ་པིས་ལཱར་ མཱ་ཏིའོ་(Pilar Mateo)་ལགས་ཀྱིས་དུག་སྦྲང་གིས་ནད་གཞི་མང་ཤོས་བསྐྱེད་སའི་ཡར་རྒྱས་འགྲོ་བཞིན་པའི་ས་ཁུལ་དག་གི་དཀའ་ངལ་དངོས་ལ་གཞིགས་ནས། དུག་སྦྲང་མི་འཁོར་བའི་ཚོན་རྩི་ཞིག་གསར་བཏོད་བྱས་པ་རེད། ཚོན་རྩིའི་ནང་ཡོད་པའི་རྫས་དེ་དུས་ཡུན་ཧ་ཅང་རིང་པོའི་བར་དུག་སྦྲང་རྒྱང་བཀྱེད་བྱེད་ཐུབ་པའི་རླངས་རྫས་འདོན་སྤེལ་བྱེད་པ་རེད། ཡིན་ན་ཡང་། ཁང་ཁྱིམ་ནང་དུ་སྡོད་མཁན་ཚོས་དུས་ཡུན་རིང་བོར་རླངས་རྫས་དེ་རྔུབ་ན་ཁེ་ཉེན་གང་ཡོད་ཐད་ད་སྔ་ཞིབ་འཇུག་བྱས་ཡོད་རིགས་གོ་ཐོས་མ་བྱུང་། དེ་དང་ཕྱོགས་མཚུངས་པའི་གནས་ཚུལ་ཞིག་ཡོད་པ་ནི། ཁང་ཁྱིམ་དང་བཏིངས་རྒྱུའི་མཐིལ་ཤིང་རིགས་ཤིག་གིས་མིའི་བདེ་ཐང་ལ་གནོད་པ་ཚབ་ཆེ་ཐེབས་བཞིན་ཡོད་ལུགས་ཤིག་གོ་ཐོས་བྱུང་།

    Reply

Leave a Reply

Your email address will not be published. Required fields are marked *