སེམས་ཁམས་འཕྲོད་བསྟེན།

སེམས་ཁམས་འཕྲོད་བསྟེན་ཟེར་བ་ནི་མི་སྒེར་ཞིག་གི་སེམས་ཁམས་དང་མྱོང་ཚོར་གྱི་བདེ་ཐང་ངམ། མདོར་བསྡུས་ན་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཁོད་སྙོམས་མིན་ལ་ལྟོས་པའི་སེམས་ཀྱི་བདེ་ཐང་ལ་གོ་བ་ཡིན། ཨ་རིིའི་སེམས་ཁམས་རིག་པའི་ལྷན་ཚོགས་(APA)གྱིས་ངོས་འཛིན་བྱས་པ་ལྟར་ན། “སེམས་ཁམས་འཕྲོད་བསྟེན་ཟེར་བ་ནི་རང་གི་བསམ་བློ་དང་། ཚོར་བ། བྱ་སྤྱོད་བཅས་ཀྱིས་རང་གི་འཚོ་བར་ཤུགས་རྐྱེན་ཐེབས་ལུགས་ཤིག་ཡིན་ལ།
སེམས་ཁམས་འཕྲོད་བསྟེན་བཟང་ན་དེས་དྲང་ཕྱོགས་ཀྱི་རང་མཐོང་[1]བསྐྲུན་པ་དང་། དེ་ལ་བརྟེན་ནས་རང་གི་གྲོགས་པོ་དང་མི་གཞན་དག་དབར་འབྲེལ་ལམ་ལེགས་པོ་འཛིན་ཐུབ། སེམས་ཁམས་འཕྲོད་བསྟེན་ལེགས་པོ་ཞིག་ཡོད་ན་དེས་ཁྱེད་ལ་རང་ཁྱིམ་དང་། ལས་ཁུངས། སློབ་གྲྭ་སོགས་སུ་འཕྲད་པའི་འཚོ་བའི་དཀའ་རྙོག་ཁག་ལ་གདོང་ལེན་དང་ཐག་གཅོད་ཡང་དག་ལེན་པར་རོགས་བྱེད་ཐུབ་” ཟེར།

Feeling blue
ཡིད་རྨུགས་པ། (Feeling blue)

ནུབ་ཕྱོགས་ལ་མཚོན་ན་ལོ་ཆུང་ཚོའི་ཁྲོད་དུ་སེམས་ཁམས་འཕྲོད་བསྟེན་ཐད་དཀའ་ངལ་འཕྲད་མཁན་ཉུང་ཉུང་ཞིག་མིན། ཨ་རིའི་སེམས་ཁམས་རིག་པའི་ལྷན་ཚོགས་ལྟར་ན་”ལོ་ཆུང་(ལོ་ན་བཅུ་གསུམ་ནས་བཅུ་དགུ་བར་)ལྔ་རེའི་ནང་གི་གཅིག་ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་གང་རུང་ཞིག་ཡོད་”ལ། དཀའ་ངལ་དེ་ཡང་། ཡང་མོ་ནས་ལྗིད་མོ་བར་གྱི་རིམ་པ་སྣ་ཚོགས་པ་ཡིན། སེམས་ཁམས་རིག་པའི་ལྷན་ཚོགས་ཀྱི་ཞིབ་འཇུག་གྲུབ་དོན་ལྟར་ན། “རང་སྲོག་གཅོད་པ་ནི་ལོ་ཆུང་ཚོའི་འཆི་རྐྱེན་ཨང་གསུམ་པ་དེ་ཡིན་”ཟེར། ཨ་རིའི་ནང་ལ་མཚོན་ན། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་མང་པོར་སྨན་བཅོས་མཐུན་རྐྱེན་འཛོམས་པོ་ཡོད་ཀྱང་། ན་གཞོན་མང་པོ་ཞིག་ལ་སྨན་བཅོས་མཐུན་འགྱུར་ཐོབ་ཀྱིན་མེད།

ན་རྐྱེན་དང་ནད་རྟགས།

འཇིགས་སྣང་དང་། ཁོང་ཁྲོ་སོགས་ཀྱིས་མཚོན་པའི་ཚོར་བའི་འགྱུར་ལྡོག་ཁག་ནི་འཚོ་བའི་གྲུབ་ཆ་སྤྱིར་བཏང་བ་ཞིག་ཡིན། དོན་དངོས་ཐོག རང་གི་སེམས་ཁམས[2]་ཀྱི་འགྱུར་ལྡོག་སྟེ། དཔེར་ན་རྒྱུ་དང་རྐྱེན་གང་གིས་འགྱུར་ལྡོག་དེ་དག་བསྐྱེད་མིན་དང་། དུས་ནམ་ཞིག་ལ་བསྐྱེད་མིན་སོགས་ཤེས་པར་བྱེད་རྒྱུ་ནི་རང་ཉིད་ངོས་ཟིན་རྒྱུར་གལ་གནད་ཆེན་པོ་ཡིན།

ཕ་མ་བཟའ་འཐོར་བྱུང་བའམ། གྲོགས་པོ་ཕན་ཚུན་དབར་འབྲེལ་ལམ་ཡག་པོ་མེད་པ་སོགས་མྱོང་ཚོར་[3]ལ་ངལ་བ་སྟེར་བའི་གནས་སྟངས་མང་པོ་ཞིག་ཡོད། དཀའ་ངལ་ཆེ་བའི་གནས་སྟངས་མང་པོ་ཞིག་གིས་གནས་སྐབས་རིང་སེམས་སྐྱོ་བའམ་”ཡིད་རྨུགས་”པར་བྱེད་ཀྱིན་ཡོད། ཡིན་ན་ཡང་དེ་ནི་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་དཔེར་ན་ཡིད་ཞུམ[4]་དང་གཏན་ནས་མི་འདྲ། དཔེར་ན། ཡིད་ཞུམ་གྱི་སྡུག་བསྔལ་མྱོང་མཁན་གཞོན་སྐྱེས་ཚོས་དུས་ཡུན་རིང་པོར་རེ་བ་མེད་པ་དང་། གྲོགས་མེད་ཁེར་རྐྱང་གི་མྱོང་བ་ཞིག་ཉམས་སུ་མྱོང་གིན་ཡོད། ཡིད་ཞུམ་གྱི་མྱོང་བ་འདིས་རང་སྲོག་གཅོད་འདོད་ཀྱི་བློ་འདྲེན་པའང་སྲིད་དོ། །

བསམ་བློ་དང་། ཚོར་བ་སོགས་ཀྱིས་མཚོན་པའི་མྱོང་བ་རེ་ཟུང་གིས་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ལམ། ཡང་ན་གཞན་གྱི་རོགས་སྐྱོར་དགོས་པའི་བརྡ་སྟོན་བཞིན་ཡོད། གཤམ་གྱི་ནད་རྟགས་ཁག་ངོས་འཛིན་རྒྱུ་གལ་གནད་ཆེན་པོ་ཡིན།

  • འཚོ་བར་བྲོ་བ་མེད་པའམ་ཆུང་བ།
  • རང་ལ་རིན་ཐང་མེད་པར་ཚོར་བའམ་རང་མནོངས་ཆེ་བ།
  • རྒྱུ་མཚན་མེད་པར་ཚོད་མེད་ངུ་བ།
  • མི་གཞན་དང་འབྲེལ་ཐག་རིང་དུ་གཏོང་བ།
  • སེམས་སྡུག་དང་། དངངས་འཚབ། ཡང་ན་འཇིགས་སྣང་ཚོད་མེད་སྐྱེས་པ།
  • སེམས་ཁམས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཡོད་པ།
  • ཟས་དང་། གཉིད་ཀྱི་གོམས་འགྲོས་ལ་འགྱུར་ལྡོག་ཆེ་བ།
  • ལུས་ལ་ངལ་དུབ་ཆེ་བའམ། ལུས་ཤུགས་ཟད་པ།
  • རྒྱུན་ཆགས་ཀྱི་དངོས་པོ་དང་བྱེད་ལས་ཁག་ལ་སྤྲོ་སྣང་མེད་པ།
  • ཚད་ལས་བརྒལ་བའི་ལུས་སྟོབས་ཡོད་པ་དང་། བློ་རྩེ་གཅིག་ཏུ་གནས་པའམ་འཆར་འགོད་ལྟར་འགྲོ་མི་ཐུབ་པ།
  • ལས་སླ་བོའི་སྒོ་ནས་ཞེ་སུན་པའམ་ཁོང་ཁྲོ་ལངས་པ།
  • བསམ་བློ་གཅིག་རྗེས་གཉིས་མཐུད་དུ་འགྲན་རྩོད་བྱེད་པ་བཞིན་འཁོར་བའམ། ཤེས་པ་འཚུབ་པ།
  • མི་གཞན་གྱིས་ཉམས་སུ་མྱོང་མི་ཐུབ་པའི་སྒྲ་དང་གཟུགས་སོགས་གོ་བ་དང་མཐོང་བ།
  • དུས་རྒྱུན་མི་གཞན་གྱིས་རང་ཉིད་ལ་ལྐོག་གཡོ་ངན་ཇུས་གཤོམ་བཞིན་པར་ཡིད་ཆེས་པ།
  • རང་ཉིད་དམ། ཡང་ན་གཞན་ཞིག་ལ་གནོད་སྐྱེལ་འདོད་པ།

རྟགས་མཚན་འདི་དག་ངོས་ཟིན་རྒྱུའམ། ཡང་ན་དེ་དག་གིས་ཅི་ཞིག་མཚོན་མིན་ཤེས་རྒྱུ་ལས་སླ་བོ་རང་མིན། སེམས་ཁམས་འཕྲོད་བསྟེན་ཆེད་སྦྱོང་བྱས་པའི་ཆེད་ལས་པ་ཚོས་ནད་རྟགས་འདི་དག་མ་ནོར་བར་ངོས་འཛིན་པར་བྱང་ཆ་ལྡན་ཡོད།

སྤྱིར་བཏང་གི་རྒྱུན་ཤེས་ལྟར། ནད་རྟགས་འདི་དག་དུས་ཡུན་ཅི་ཙམ་རིང་ན་དེའི་གནོད་འཚབ་དེ་བཞིན་ཐུ་བ་ཡིན་ལ། ནད་རྟགས་འདི་དག་གིས་ཉིན་རེའི་འཚོ་བར་བར་གེགས་ཚད་ཇི་ཙམ་བྱེད་པ་དེའི་ཚོད་ཀྱིས་ཆེད་ལས་རང་བཞིན་གྱི་གསོ་བཅོས་དགོས་གལ་ཆེ་བ་ཡིན།

སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཁག་མང་པོ་ཞིག་ལེ་ཚན་འདི་བརྒྱུད་ནས་ངོ་སྤྲོད་ཞུ་རྒྱུ་ཡིན་པས། དུས་ལྟར་བལྟ་ཀློོག་གནང་རོགས།

mental healthཚིག་གནད་མཆན་འགྲེལ།

[1] Self-image: (རང་མཐོང་།) རང་གིས་རང་ཉིད་ཀྱི་འཇོན་ཐང་དང་། སྣང་ཚུལ། གཤིས་ཀ་བཅས་ལ་འཛིན་པའི་ལྟ་ཚུལ།

[2] Mood: (སེམས་ཁམས།) (རྒྱུན་གནས་དང་ལྟོས་འཇོག་གིས་སྐབས་འཕྲལ་གང་རུང་དུ་) མངོན་པར་གསལ་བའི་སེམས་ཁམས་ཀྱི་གནས་བབ་ཅིག་ལ་གོ རྒྱས་འགྲེལ་བྱས་ན་སེམས་ཁམས་ནི་ཚོར་བ་དང་། གནས་བབ་བམ་ཡང་ན་མི་ཞིག་གི་ཉམས་རྟོགས་(psychic)ཀྱི་འཚོ་བ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་རྒྱུན་གནས་ཀྱི་མྱོང་ཚོར་ཞིག་ལ་གོ

[3] Emotion: མྱོང་ཚོར། (ཚབ་ཚིག་འོས་འཚམས་ཤིག་ད་དུང་མ་རྙེད།)

[4] Depression (ཡིད་ཞུམ།) རེ་བ་ཟད་པ་དང་། སྙིང་སྟོབས་མེད་པས་སེམས་ཀྱི་གདེང་དམའ་བ་དང་། སྐྱོ་ཤས་ཤུགས་དྲགས་པའི་སེམས་ཁམས་ཤིག

སེམས་ཁམས་འཕྲོད་བསྟེན།”སྐོར་ལ་མཆན་2འདུག

  • 2016-09-27 at 3:42 am
    Permalink

    གཞང་འབྲུམ་ནད་གཅོས་བསྐོར་ཡོད་ནམ།

    Reply
  • 2016-10-21 at 7:09 pm
    Permalink

    བཀའ་འདྲི་ཞིག སེམས་ཁམས་འཕྲོད་བསྟེན་ཟེར་པའི་སེམས་དེ་གང་ལ་ངོས་འཛིན། ཚན་རིག་པས་ཕལ་ཆེར་སེམས་ཞེས་པ་ཀླད་པར་ངོས་འཛིན་པ་འདྲ། འོན་ཀྱང་ངའི་བློར་འཆར་ཚུལ་ལ། སེམས་ལབ་དུས་སྙིང་གི་འཁོར་འདི་ན་ཡོད་པའི་ཚོར་བ་ཞིག་འདུག ཡིན་ནའང་དབང་རྩའི་མ་ལག་ལ་བསམ་བློ་བཏང་ན་ཀླད་ཁམས་དང་སེམས་ཁམས་གཉིས་ཏན་ཏན་འབྲེལ་བ་ཡོད་རྒྱུ་རེད་སྙམ། དེ་ནས་ངའི་བསམ་བློར་ཀླད་པ་དང་ཀླད་པའི་ཁམས་དོན་གཅིག སེམས་དང་སེམས་ཀྱི་ཁམས་དོན་གཅིག་ཡིན་རྒྱུ་རེད་སྙམ། དེ་རེད་དམ།

    Reply

Leave a Reply

Your email address will not be published. Required fields are marked *