གཙང་སྦྲ་ནི་ཚན་རིག་ཅིག་ཡིན།(༡)

ངོ་སྤྲོད། ཚན་རིག་ཅེས་པ་ནི་རང་བྱུང་ཁམས་དང་དངོས་པོའི་ཁམས་འདིའི་ཆགས་དབྱིབས་དང་གཤིས་ལུགས་ལ་ཞིབ་དཔྱོད་དང་། བརྟག་དཔྱད་ཞིབ་འཇུག་རིམ་པར་བྱེད་པའི་ལུས་དང་རྣམ་རིག་གི་བྱེད་ལས་ཤིག་ལ་གོ་བ་ཡིན།  དེས་ན་གཙང་སྦྲ་ཚན་རིག་ཅིག་ཇི་ལྟར་ཡིན་ནམ། དྲིས་པ་འདིའི་ལན་འདི་རྙེད་དགོས་ན་ང་ཆོས་ཐོག་མར་གཙང་སྦྲ་ཞེས་པ་འདི་མཛེས་བཟོ་མ་ཡིན་པ་དང་། handsདྲི་བཟང་བྱུགས་པ་དང་གོན་པ་གསར་པ་གོན་པ་མིན་པའི་དོན་དངོས་འདི་ཤེས་དགོས་པ་མ་ཟད། ད་དུང་། མིའི་ལུས་དང་། དེའི་བྱེད་ལས། དེར་འབྱུང་ངེས་པའི་ནད་རིགས་མང་པོ་ཞིག་ཡོད་པ་དེ་དག་གི་ངོ་བོ་དང་བྱེད་ལས་བཅས་ཤེས་དགོས། གང་ཡིན་ཟེར་ན། ཕྱི་རོལ་ནས་ཡོང་བའི་སྐྱེ་ལྡན་ཕྲ་རབ་གྲངས་ལས་འདས་པས་མི་ཞིག་གི་མི་ཚེ་ཧྲིལ་པོའི་རིང་ལུས་པོར་བཙན་འཛུལ་བྱེད་ཀྱིན་ཡོད།  བཙན་འཛུལ་བ་འདི་དག་ལས་སྲུང་སྐྱོབ་བྱེད་པར་ལུས་ཀྱི་འགོག་སྲུང་མ་ལག་གིས་ང་ཚོར་བདེ་སྲུང་གི་བྱེད་ནུས་སྤྲོད་པ་རེད།

རྩོམ་ཡིག་འདིའི་ནང་དུ་མིའི་ལུས་པོ་དང་དེའི་གྲུབ་ལུགས་ལ་རོབ་ཙམ་གླེང་རྒྱུ་དང་། ལུས་ཀྱི་འགོག་སྲུང་མ་ལག་དང་དེའི་གྲུབ་ཆ་ཁག བྱེད་ལས་བཅས་ལ་ཞིབ་ཙམ་གླེང་རྒྱུ་ཡིན། དེ་བཞིན། ང་ཚོའི་ལུས་ལ་བཙན་འཛུལ་དང་ནད་རིགས་བསྐྱེད་མཁན་གྱི་སྐྱེ་ལྡན་ཕྲ་རབ་ཁག་དང་། དེ་དག་ལ་ཕར་རྒོལ་བྱེད་མཁན་གྱི་དེང་རབས་གསོ་རིག་གི་སྨན་རྫས་ཀྱི་ངོ་བོ་དང་བྱེད་ལས་སོགས་ལ་ཡང་རོབ་ཙམ་གླེང་རྒྱུ་ཡིན།

རྩོམ་ཡིག་འདི་<<གཙང་སྦྲ་ནི་ཚན་རིག་ཅིག་ཡིན་>>ཞེས་པའི་རྩོམ་ཡིག་ལ་གཞི་བཅོལ་ནས། དཔྱད་གཞི་དང་ཞིབ་འཇུག་གྲུབ་དོན་གཞན་ཁ་གསབ་ཀྱིས་ཕྱོགས་སྒྲིག་དང་རྩོམ་སྒྱུར་བྱས་པ་ཞིག་ཡིན།

 

མིའི་ལུས་པོ་དང་། བྱེད་ལས།

cellམི་དང་། ཁྱི། རྟ་དང་བོང་བུ། སྟག་དང་གཟིག གླང་ཆེན་དང་ཙི་ཙི། གྲོག་མ་དང་ཉྭའི་རིགས་སོགས། མདོར་ན་སྲོག་ལྡན་མིག་གིས་མཐོང་ཚད་ཚང་མའི་ལུས་ཀྱི་གཞི་རྩའི་གྲུབ་ཆ་ནི་ཕྲ་ཕུང་ཡིན། དེ་ཙམ་དུ་མ་ཟད། མིའི་རིགས་རྫས་(genes)དང་སྲོག་ཆགས་གཞན་གྱི་རིགས་རྫས་བར་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ལས་འདྲ་བའི་ཆ་ཤས་ཆེ། དཔེར་ན། ཨ་རིའི་རྒྱལ་ཡོངས་མིའི་རིགས་རྫས་ཞིབ་འཇུག་ལྟེ་གནས་(NHGRI)ཀྱིས་“སྐྱག་སྦྲང་དང་མིའི་རིགས་རྫས་གཉིས་བར་འདྲ་བའི་ཆ་བརྒྱ་ཆ་དྲུག་བཅུ་ཡོད་” ཟེར།  མི་དང་འབྲས་རྡོག་གཅིག་བསྡུར་བ་ཡིན་ན། དེ་གཉིས་ཉེ་འབྲེལ་ཡིན་པའི་བསམ་བློ་ འཁོར་རྒྱུ་ནི་ཆེས་དཀོན་པའི་སྣང་ཚུལ་ཞིག་རེད། ཡིན་ན་ཡང་། “མི་དང་འབྲས་གཉིས་ཀྱི་རིགས་རྫས་བཞི་ཆ་གཅིག་འདྲ་མཚུངས་ཡིན་ལ། མཚུངས་ཆོས་འདིས་དུས་ཡུན་ལོ་ངོ་ཐེར་འབུམ་གཅིག་ཚེག་དྲུག་(1.6 million) གི་ཡར་སྔོན་དུ་སྲོག་ཆགས་ཚང་མ་དང་རྩི་ཤིང་སྟེ། སྐྱེ་དངོས་ཡོངས་ལ་ཐུན་མོང་གི་མེས་པོ་ཞིག་ཡོད་མྱོང་བའི་དན་རྟགས་རེད།”

སྐྱེ་དངོས་འཕེལ་འགྱུར་རིག་པས་སྐྱེ་དངོས་ཡོད་ཚད་ཕྲ་ཕུང་རྐྱང་པ་ཅན་གྱི་སྐྱེ་ལྡན་ཕྲ་རབ་ནས་རིམ་བཞིན་འཕེལ་འགྱུར་ཕྱིན་ལུགས་འགྲེལ་བཞིན་ཡོད། ཞིབ་ཏུ་བཤད་ན། འཇིག་རྟེན་འདིའི་ཐོག་གི་སྐྱེ་དངོས་ཏེ། སྐྱེ་ནས་འཚར་ཞིང་རྒས་ནས་འཆི་བའི་བརྒྱུད་རིམ་ནང་། དབུགས་གཏོང་ལེན་དང་ཟས་ལ་བརྟེན་པའི་སྐྱེ་ལྡན་ཡོངས་རྫོགས་རྒྱ་མཚོའམ་ཆུའི་ནང་ནས་ཕྲ་ཕུང་གཅིག་ལས་གྲུབ་པའི་སྐྱེ་ལྡན་ཕྲབ་རབ་ཐོག་མར་བྱུང་བ་དེའི་སྟེང་ནས་རིམ་བཞིན་འཕེལ་འགྱུར་སོང་བ་རེད། ཕྲ་ཕུང་གཅིག་ཁོ་ན་ལས་གྲུབ་པའི་སྐྱེ་ལྡན་ཕྲ་རབ་ཐོག་མར་བྱུང་དུས་ནི་“རགས་རྩིས་བྱས་ན་ལོ་ངོ་ཐེར་འབུམ་གསུམ་ཚེགས་ལྔའམ་(3500000000) ཡང་ན་ལོ་ངོ་ས་ཡ་སུམ་བརྒྱ་ལྔ་བཅུ་ཙམ་གྱི་ཡར་སྔོན་ཡིན་པ་ཞིབ་འཇུག་གྲུབ་དོན་གསར་པས་གཏན་འབེབས་བྱས་ཡོད།”

མུ་འགོད།

འབྲེལ་ཡོད་ཤེས་བྱ་གཞན།

གཙང་སྦྲ་ནི་ཚན་རིག་ཅིག་ཡིན།(དང་པོ།)

གཙང་སྦྲ་ནི་ཚན་རིག་ཅིག་ཡིན། (གཉིས་པ།)

གཙང་སྦྲ་ནི་ཚན་རིག་ཅིག་ཡིན།(གསུམ་པ།)

གཙང་སྦྲ་ནི་ཚན་རིག་ཅིག་ཡིན།(བཞི་པ།)

གཙང་སྦྲ་ནི་ཚན་རིག་ཅིག་ཡིན། (ལྔ་བ།)

གཙང་སྦྲ་ནི་ཚན་རིག་ཅིག་ཡིན།(དྲུག་པ།)

དཔྱད་གཞི།

  1) Author Unknown, (Last updated: Nov. 3, 2015), Comparative Genomics. National Human Genome Research Institue’s Website. Retrieved Sept. 12, 2016 from https://www.genome.gov/11509542/comparative-genomics-fact-sheet/

  2) Carl Zimmer, (2013), Genes Are Us. And Them. National Geographic.125(07) 

  3) Ker Than (May 14, 2010) All Species Evolved From Single Cell, Study Finds. National Geographic News Website. Retrieved September 14, 2016 from http://news.nationalgeographic.com/news/2010/05/100513-science-evolution-darwin-single-ancestor/

གཙང་སྦྲ་ནི་ཚན་རིག་ཅིག་ཡིན།(༡)”སྐོར་ལ་མཆན་གཅིག་འདུག

  • 2016-10-21 at 3:40 pm
    Permalink

    དྲ་རྒྱ་འདི་ཧ་ཅང་ཡག་པོ་འདུག དེས་གུས་པ་ཧ་ཅང་དགའ་བོ་བྱུང་།

    Reply

Leave a Reply

Your email address will not be published. Required fields are marked *