འཚོ་བཅུད་D ཡི་ཧྲིལ་བརྙན།

འཚོ་བཅུད་D ནི་ཟས་རིགས་ཁ་ཤས་ནང་རང་བྱུང་དུ་ཡོད་པའི་ཟས་བཅུད་ཅིག་ཡིན་ལ། ང་ཚོའི་བདེ་ཐང་དང་། རུས་པའི་སྤུས་ཚད་དང་ལུས་པོ་སྤྱིའི་བདེ་ཐང་རྒྱུན་བསྲིང་པ་ལ་མེད་ཐབས་མེད་པ་ཞིག་ཡིན། འཚོ་བཅུད་D ཡིས་ལུས་པོར་དཀར་རྫས་(calcium = ཀེལ་ཞེམ་=钙) བསྡུ་ལེན་བྱེད་པར་རོགས་བྱེད་པ་ཡིན། ཀེལ་ཤམ་ནི་རུས་པའི་གྲུབ་ཆ་གཙོ་བོ་དེ་ཡིན། (ཀེལ་ཞེམ་སྐོར་ལ་འགྲེལ་བརྗོད་ལོགས་སུ་བྱེད་རྒྱུ་ཡིན་པས་དེར་གཟིགས་རོགས།) གལ་སྲིད་ང་ཚོར་དགོས་ངེས་ཀྱི་འཚོ་བཅུད་D མ་ཐོབ་ཚེ། རུས་པ་སོབ་སོབ། སྲབ་མོ། ཆག་གྲུམ་ཤོར་ཆོག་ཆོག་ཆགས་པ་རེད། ནད་གཞི་འདི་བྱིས་པ་ཚོར་བྱུང་དུས་དེ་ལ་ང་ཚོས་བྱིས་པའི་རུས་གཅོང་(rickets=疳) དང་། མི་དར་མ་དང་རྒན་པ་སོགས་པ་བྱུང་དུས་དེ་ལ་རུས་སོབ་ཀྱི་ནད་ (osteoporosis=骨质疏松症) ཟེར་བ་རེད། དེ་ནི་བྱིས་པ་ཚོར་འཚོ་བཅུད་D མ་འདང་བའི་རྐྱེན་གྱིས་རུས་པར་དགོས་ངེས་ཀྱི་དཀར་རྫས་མ་ཐོབ་པ་ལ་བརྟེན་ནས་རུས་པ་སོབ་སོབ་ཆགས་ནས་གཡོན་པོར་འཁྱོགས་པ་དང་། མི་དར་མ་དང་རྒན་པར་ཡང་འཚོ་བཅུད་D མ་འདང་བའི་རྐྱེན་གྱིས་རུས་པའི་ནང་གི་དཀར་རྫས་ཟད་ནས་རུས་པ་སོབ་སོབ་ཆགས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ལོ་རྒས་དུས་སྟོད་སྒུར་བ་དེ་ཡང་འདིའི་ནད་རྟགས་ཡིན།

འཚོ་བཅུད་D དང་ལུས་པོ།

ང་ཚོའི་ལུས་ཀྱི་ཤ་གྲིམ་བརྐྱང་སྐུམ་བྱེད་པ་དང་། དབང་རྩ་རྣམས་ཀྱིས་ཀླད་པ་ནས་ལུས་དང་། ལུས་ཧྲིལ་པོ་ནས་ཀླད་པ་ཕན་ཚུན་བར་བརྡ་ལན་སྐྱེལ་འདྲེན་བྱེད་པ། འགོག་སྲུང་མ་ལག་གིས་འབུ་ཕྲ་དང་ཕྲ་སྲིན་སོགས་ཕྱི་རོལ་ནས་ཡོང་བའི་ནད་རིགས་འགོག་རྒོལ་བྱེད་པ་སོགས་ལུས་ཀྱི་བྱེད་ལས་མང་པོ་ཞིག་ལ་མཁོ་གལ་ཆེན་པོ་ཡིན།

ང་ཚོར་འཚོ་བཅུད་D ཚད་ག་ཚོད་ཅིག་དགོས་སམ།

ཉིན་རེར་ཁྱོད་ལ་འཚོ་བཅུད་D ཚད་ཅི་ཙམ་དགོས་མིན་དེ་ཁྱེད་ཀྱི་ལོ་ཚོད་ལ་རག་ལས་ཡོད། གཤམ་དུ་བཀོད་ཡོད་པ་འདི་ཨ་རིའི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་(National Institutes of Health)གི་དྲ་རྒྱར་སྤེལ་བའི་རེའུ་མིག་ལ་གཞི་བཅོལ་ཡོད།

ལོ་ཚོད། འཚོ་བཅུད་D དགོས་ཚད།
སྐྱེས་ནས་ཟླ་ངོ་བཅུ་གཉིས་བར། 400 IU
ལོ་ན་གཅིག་ནས་བཅུ་གསུམ་བར། 600 IU
ལོ་ན་བཅུ་བཞི་ནས་བཅོ་བརྒྱད་བར། 600 IU
ལོ་ན་བཅུ་དགུ་ནས་བདུན་བཅུ་བར། 600 IU
ལོ་ན་བདུན་ཅུ་དོན་གཅིག་ནས་ཡར། 800 IU
སྦྲུམ་མ་དང་། བྱིས་པར་ནུ་འོ་སྤྲོད་མཁན་ཚོ། 600 IU

ཟས་རིགས་གང་དུ་འཚོ་བཅུད་D ཡོད་དམ།

འཚོ་བཅུད་D ཡོད་པའི་ཟས་རིགས་ཉུང་ཤས་ཤིག་ལས་མེད། ཨ་རིའི་ནང་འཚོ་བཅུད་D འདི་ཟས་རིགས་མང་པོ་ཞིག་ནང་ཆེད་དུ་བསྲེས་བཞིན་ཡོད། རང་བྱུང་གིས་འཚོ་བཅུད་D ཡོད་པའི་ཟས་རིགས་ཁག་ནི།་ཚིལ་ཞགས་ཤས་ཆེ་བའི་ཉ་ཤའི་རིགས།  ཟོག་གི་མཆིན་པ། ཕྱུ་ར། སྒོ་ང་རྡོག་བཙོ་བྱས་པའི་ནང་ཉིང་སེར་པོ།་ ཤ་མོག་རིགས། (ཤ་མོག་ཉི་མར་ལྡེ་ན་འཚོ་བཅུད་D འདུས་ཚད་ཇེ་མཐོར་གཏོང་ཐུབ།) འོ་མ་བཅས་ཡིན།

 

ཉི་མ་ལས་འཚོ་བཅུད་D ལེན་ཐུབ་བམ།

ཐུབ། ཉི་མའི་འོད་ཐད་ཀར་ང་ཚོའི་པགས་པའི་སྟེང་ཕོགས་དུས་པགས་པས་ཉི་མའི་འོད་ཀྱི་ནང་གསེས་སྨུག་ཕྱིའི་འོད་(ultraviolet)ཟེར་བ་དེ་བཀོལ་ནས་འཚོ་བཅུད་D ལས་སྣོན་བྱེད་པ་ཡིན། དབྱར་དུས་སུ་ང་ཚོས་གོན་པ་མང་པོ་དང་མཐུག་པོ་མི་གོན་པ་དང་། སྟོད་ཐུང་ཕུ་ཐུང་ཕྱེད་ཀ་ཅན་དང་། རྐང་ཐུང་གོན་དུས་སྐྱི་པགས་ཉི་མར་ལྡེ་ཚད་ཆེ་བ་དང་། དབྱར་དུས་སུ་ཉི་མ་ཡང་རིང་བ་བཅས་ལ་བརྟེན་ང་ཚོར་དགོས་ངེས་ཀྱི་འཚོ་བཅུད་D མང་པོ་ཞིག་ཉི་མ་ལས་ཐོབ་བཞིན་ཡོད། དགུན་ཁར་ཉི་མ་ཐུང་བ་དང་། གོན་པ་མཐུག་པོ་དང་མང་པོ་གོན་ནས་ལུས་ཡོངས་བཏུམ་བཞིན་ཡོད་པས། ཆེད་དུ་ཉི་མར་ལྡེ་རྒྱུ་གལ་ཆེན་པོ་ཡིན། ཉི་མར་ལྡེ་རྒྱུའི་དུས་ཚོད་དེ་ཡང་། ཁྱེད་རང་འཛམ་གླིང་གི་ས་ཕྱོགས་གང་དུ་ཡོད་མེད་དང་། སྤྲིན་འཐིབ་ཡོད་མེད། དུས་ཚིགས་གང་དུ་ཡོད་མེད། ཉིན་རེའི་སྔ་དྲོ་དང་། ཉིན་གུང་། ཕྱི་དྲོ་བཅས་ཀྱི་དུས་ཚོད་ནམ་ཡིན་སོགས་ལ་རག་ལས་ཡོད་པས། གཅིག་གྱུར་གྱི་དུས་ཡུན་ངེས་ཅན་ཞིག་མེད།  ཉི་མར་ལྡེ་ཡུན་རིང་དྲགས་ན་པགས་པའི་འབྲས་སྐྲན་ཡང་འབྱུང་ཉེན་ཡོད་པས། ཚད་དང་ཚོད་འཛིན་རྒྱུ་གལ་ཆེན་པོ་ཡིན། དེ་བས། དུས་རྒྱུན་རང་བྱུང་གི་ཟས་རིགས་སྣ་མང་བཟའ་བ་དང་། ཉི་མར་ལྡེ་བ། སྨན་པའི་ལམ་སྟོན་ཡོད་ན་དེ་ལྟར་གོང་འཁོད་རེའུ་མིག་ཏུ་གསལ་བའི་ཚད་གཞི་ལྟར་མིས་ལས་སྣོན་བྱས་པའི་འཚོ་བཅུད་D བསྟེན་པ་བཅས་བྱེད་དགོས།

ང་ཚོར་དགོས་ངེས་ཀྱི་འཚོ་བཅུད་D ཐོབ་བཞིན་ཡོད་དམ།

འཚོ་བཅུད་D འདི་ཉི་མའི་འོད་དང་། ཟས་རིགས། མིས་བཟོས་འཚོ་བཅུད་བཅས་ལས་ཐོབ་ཐུབ་པས། ང་ཚོའི་ལུས་པོར་ཚད་ག་ཚོད་ཅིག་ཡོད་མེད་ཤེས་དགོས་ན་ཁྲག་བཤེར་བྱེད་དགོས། བཤེར་ཐབས་དེ་ལ་ང་ཚོས་25-hydroxyvitamin D (25-羟基维生素D) ཟེར་ཞིང་། དེས་ཁྲག་ཁེ་གཅིག་(1 milliliter/毫升)ནང་འཚོ་བཅུད་D ཁེ་ཕྲན་(nanograms/纳克)འདུས་ཚད་ག་ཚོད་ཡིན་མིན་སྟོན་པ་རེད། (ng/mL)

(བཤེར་གཟུགས་རྒྱ་མ་གཅིག་ལ་ཁེ་ཆིག་སྟོང་། 1 liter= 1000 milliliters    བཤེར་གཟུགས་ཁེ་གཅིག་ལ་ཁེ་ཕྲན་ཆིག་སྟོང་། 1 milliliter= 1000 nanograms)

སྤྱིའི་ཆ་ནས་ཁྲག་ཁེ་གཅིག་ནང་འཚོ་བཅུད་D ཁེ་ཕྲན་12 དང་དེ་ལས་ཉུང་ན་ཉུང་སྐྱོན་དང་། (12ng/mL) ཁྲག་ཁེ་གཅིག་ནང་འཚོ་བཅུད་D འདུས་ཚད་ཁེ་ཕྲན་50 ཡན་ཡོད་ན་མང་སྐྱོན་དུ་བརྩི་བ་རེད། (50ng/mL)     ཁྲག་ཁེ་གཅིག་གི་ནང་འཚོ་བཅུད་D ཁེ་ཕྲན་ཉི་ཤུ་(20ng/mL) དང་དེ་ལས་མང་ཙམ་ཡིན་ན་མི་མང་ཆེ་བར་ཚད་ལྡན་དུ་བརྩི་བ་རེད།

འཚོ་བཅུད་D འདང་ངེས་ཤིག་མ་ཐོབ་ན་ཅི་ཞིག་འབྱུང་ངམ།

འཚོ་བཅུད་D ཡོད་པའི་ཟས་རིགས་འདང་ངེས་ཤིག་མི་ཟ་བ་དང་། ཤ་རྗེན་པའི་སྟེང་ཉི་འོད་ཕོགས་ཚད་ཉུང་དྲགས་པ་བཅས་ལ་བརྟེན་ནས་འཚོ་བཅུད་D མི་འདང་བའི་དཀའ་ངལ་ཡོང་གི་ཡོད། ད་དུང་མཁལ་མས་འཚོ་བཅུད་D དེ་ལུས་ཀྱིས་སྤྱོད་ཐུབ་པའི་རྫས་ཀྱི་རྣམ་པར་བསྒྱུར་མ་ཐུབ་ལ་བརྟེན་ནས་ཀྱང་ཉུང་སྐྱོན་དེ་འབྱུང་བ་ཡིན། བྱིས་པ་ཚོར་འཚོ་བཅུད་D ཉུང་སྐྱོན་བྱུང་ན་ཡན་ལག་འཁྱོགས་པོར་འགྲོ་བའི་བྱིས་པའི་རུས་གཅོང་གི་ནད་འབྱུང་བ་དང་། རྒན་པ་ཚོར་རུས་པ་སོབ་སོབ་ཆགས་པའི་ནད་འབྱུང་བ་ཡིན།

འཚོ་བཅུད་D ཉུང་སྐྱོན་བྱུང་ན་ནད་རིགས་གཞན་འབྱུང་བ་དང་། བསྟེན་ན་དེ་དག་སྔོན་འགོག་ཐུབ་ལུགས་བཤད་མཁན་བྱུང་ཡོད་ཀྱང་། ཨ་རིའི་ནད་རིགས་སྔོན་འགོག་ལྟེ་གནས་སོགས་ཀྱིས་དེ་ལ་ལྡོག་ཕྱོགས་ནས་དོགས་འདྲི་ཡང་བྱས་ཡོད།

ཞིབ་འཇུག་གྲུབ་དོན་ཁ་ཤས་ཀྱིས་ཁྲག་ནང་ལ་འཚོ་བཅུད་D འདུས་ཚད་མཐོ་དྲགས་ན་ཞེ་མེར་ལངས་པ་དང་། སྐྱུགས་པ། ཟས་ཀྱི་དང་ག་ཉམས་པ། རྩ་འགག་པ། ནུས་ཤུགས་ཟད་པ། ཤ་སྐམ་པ་སོགས་ཀྱི་ནད་རྟགས་འབྱུང་བ་མ་ཟད། འཚོ་བཅུད་D ཡིས་དཀར་རྫས་(calcium) འདུས་ཚད་ཇེ་མཐོར་བཏང་ནས་མགོ་འཐོམ་པ་དང་། བསམ་བློ་མག་མོག་པོར་འགྱུར་བ། སྙིང་གི་འཕར་ཚད་དོ་མི་སྙོམས་པ། མཁལ་མར་གནོད་སྐྱོན་བཟོ་བ་སོགས་འབྱུང་ལུགས་བསྟན་ཡོད།

འཚོ་བཅུད་D འདི་སྨན་གཞན་དང་མཉམ་དུ་ཟས་ན་སྐྱོན་ཡོད་དམ།

འཚོ་བཅུད་རིགས་གཞན་དག་དང་འདྲ་བར། འཚོ་བཅུད་D སྨན་རིགས་གཞན་དང་མཉམ་དུ་འདྲེས་སྦྱོར་རམ། བར་གེགས་བྱེད་པ་ཡིན། དེ་བས། སྨན་རིགས་གཞན་བསྟེན་བཞིན་ཡོད་ན་ངེས་པར་ཏུ་བར་མཚམས་དུས་ཡུན་ཆུ་ཚོད་བཞི་རེ་ཉུང་མཐར་འཇོག་དགོས། དམིགས་བསལ་གྱི་ཕྱི་སྨན་བསྟེན་མཁན་ཚོས་འཚོ་བཅུད་རིགས་བསྟེན་བཞིན་ཡོད་ན་སྨན་པར་གསལ་བཤད་བྱས་ནས་ལམ་སྟོན་ལ་ཉན་དགོས།

འཚོ་བཅུད་D དང་། འཕྲོད་བསྟེན་ཟས་སྤྱོད།

འཚོ་བཅུད་རིགས་ཚང་མ་རང་བྱུང་གི་ཟས་རིགས་ནས་ཐོབ་ཐབས་བྱེད་རྒྱུ་ཨང་དང་པོར་འཇོག་དགོས། རང་བྱུང་ཟས་རིགས་ནང་ང་ཚོའི་འཕྲོད་བསྟེན་ལ་མེད་ཐབས་མེད་པའི་འཚོ་བཅུད་རིགས་དང་། གཏེར་རྫས། ཚིལ་སྣ་སོགས་འདུས་ཡོད། དགོས་ངེས་ཅན་བྱུང་ན། འཚོ་བཅུད་རིགས་ཆེད་དུ་ཁ་སྣོན་བྱས་ཡོད་པའི་ཟས་རིགས་དང་། ཁྲོམ་རྭའི་ནང་འཚོང་བཞིན་པའི་འཚོ་བཅུད་རིགས་བསྟེན་ན་འཐུས་ཀྱང་། ཚོང་རྭའི་ནང་གི་ཁྱབ་བསྒྲགས་ཁག་ཏུ་གསལ་བའི་ཚད་གཞི་དེ་ལས་ཉུང་ཉུང་བསྟེན་རྒྱུ་གལ་ཆེན་པོ་ཡིན། ཟས་སྤྱོད་སྐོར་ལ་རྒྱུས་ལོན་བྱེད་འདོད་ན་ངེད་དྲ་བའི་གཅིན་སྙི་ནད་པའི་ཟས་སྤྱོད་བསྟེན་ཚུལ་ཟེར་བའི་དེབ་ཆུང་འདིར་གཟིགས་རོགས། དེབ་ཆུང་འདི་གཅིན་སྙི་ནད་པ་ཙམ་དུ་མ་ཟད། གཅིན་སྙིའི་ནད་མེད་མཁན་ཚོས་ཀྱང་ཤེས་དགོས་པའི་ཟས་སྤྱོད་སྐོར་གྱི་ཤེས་བྱ་མང་པོ་ཡོད།

གསལ་བཤད།

རྩོམ་ཡིག་འདི་ཨ་རིའི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་དྲ་རྒྱར་བཀོད་པའི་རྩོམ་ཡིག་ལ་གཞི་བཅོལ་ནས་སྒྱུར་སྒྲིག་བྱས་པ་ཞིག་ཡིན་ཡང་། རྩོམ་ཡིག་འདིས་ཁྱེད་ཀྱི་སྨན་པའི་ཚབ་མི་བྱེད་མི་ཐུབ། ང་ཚོས་རྩོམ་ཡིག་འདི་བརྒྱུད་ནས་འཚོ་བཅུད་D ཡི་གལ་ཆེའི་རང་བཞིན་ཐད་གོ་རྟོགས་སྤེལ་བ་ལས། ཁྲོམ་རྭའི་ནང་འཚོང་བཞིན་པའི་འཚོ་བཅུད་རིགས་ཉོས་ནས་བསྟེན་དགོས་པའི་བླང་བྱ་འདོན་བཞིན་མེད་པ་ཐུགས་ལ་ངེས་པར་གནང་རོགས།

རྩོམ་ཡིག་འདིའི་ཁུངས་བཅོལ་ས། https://ods.od.nih.gov/factsheets/VitaminD-Consumer/

རྩོམ་ཡིག་འདི་PDF རྣམ་པའི་སྟེང་ནས་གཞན་ལ་བསྐུར་ན་འདི་ནས་ཐད་ཀར་ཕབ་ལེན་གནང་ཆོག

Leave a Reply

Your email address will not be published. Required fields are marked *