དཀར་རྫས་ཟེར་བ་ཅི་ཞིག་ཡིན་ནམ།

ནང་དོན།

དཀར་རྫས་(Calcium 钙)ནི་ཟས་རིགས་མང་པོ་ཞིག་ཏུ་ཡོད་པའི་གཏེར་རྫས་ཤིག་ཡིན། ང་ཚོའི་རུས་པ་མཁྲེགས་པོ་ཡོང་བ་དང་། ལུས་ཀྱི་བྱེད་ལས་གཞན་དག་ཚུལ་བཞིན་སྤེལ་བ་ལ་ལུས་པོར་དཀར་རྫས་མཁོ། ང་ཚོས་ཟས་པའི་དཀར་རྫས་ཕལ་ཆེ་བ་སོ་ཚུད་པའི་ལུས་ཀྱི་རུས་པའི་ནང་ཉར་ཚགས་བྱེད་པ་དང་། དེས་རུས་པའི་ཆགས་བཀོད་དང་རུས་པ་མཁྲེགས་པོ་ཡོང་བར་བྱེད་ཀྱིན་ཡོད།  ང་ཚོའི་ཤ་གྲིམ་བརྐྱང་སྐུམ་བྱེད་པ་དང་། དབང་རྩ་རྣམས་ཀྱིས་ཀླད་པ་དང་ལུས་པོ་ཕན་ཚུན་བར་བརྡ་ལན་ཕར་སྐྱེལ་ཚུར་ལེན་བྱེད་པ། ཁྲག་རྩ་ཁག་ནང་ཁྲག་ཡར་འདྲེན་མར་གཏོང་བྱེད་པ། ལུས་ཀྱི་བྱེད་སྒོ་ཕལ་ཆེ་བ་ཞིག་སྤེལ་བར་མེད་ཐབས་མེད་པའི་ཧོར་མོན་སྐུལ་རྫས་ (hormones) དང་། སྨིན་རྫས་ (enzymes) ཀློད་པ་སོགས་ལ་དཀར་རྫས་མཁོ་བ་ཡིན།  ང་ཚོར་དཀར་རྫས་ཚད་ཅི་ཙམ་དགོས་སམ། ཉིན་རེར་དཀར་རྫས་ཚད་ཅི་ཙམ་དགོས་མིན་དེ་རང་གི་ལོ་ཚོད་ལ་རག་ལས་ཡོད། གཤམ་གྱི་རེའུ་མིག་ནང་ཡོད་པ་དེ་ཉིན་རེར་དཀར་རྫས་ཁེ་ཕྲན་ (milligram) ག་ཚོད་དགོས་པའི་ཚོད་ཡིན།

ལོ་ཚོད། དགོས་ངེས་ཀྱི་དཀར་རྫས། (རྒྱ་མ་གཅིག་ལ་ཁེ 1000།ཁེ་གཅིག་ལ་ཁེ་ཕྲན་1000)
ཟླ 0-6 200 mg
ཟླ 7-12 260 mg
བྱིས་པ་ལོ 1-3 700 mg
བྱིས་པ་ལོ 4-8 1000 mg
བྱིས་པ་ལོ 9-13 1300 mg
ན་གཞོན་ལོ 14-18 1300 mg
དར་མ་ལོ 19-50 1000 mg
ཕོ་རྒན་པ་ལོ 51-70 1000 mg
མོ་རྒན་པ་ལོ 51-70 1200 mg
རྒན་པ་ལོ་71 ནར་ཡར་ 1200 mg
སྦྲུམ་མ་དང་ནུ་འོ་སྟེར་མཁན་ན་གཞོན 1300 mg
སྦྲུམ་མ་དངང་ནུ་འོ་སྟེར་མཁན་དར་མ 1000 mg

ཟས་རིགས་གང་དག་ཏུ་དཀར་རྫས་ཡོད་དམ།

དཀར་རྫས་ནི་རང་བྱུང་གི་ཟས་རིགས་མང་པོ་ཞིག་ཏུ་ཡོད། གལ་སྲིད་ཁྱེད་ཀྱིས་གཤམ་གྱི་མིང་ཐོར་ཚུད་པའི་སྔོ་ཚལ་དང་། ཤིང་ཏོག་སོགས་ཟས་རིགས་སྣ་མང་ཟས་པ་ཡིན་ན་ཉིན་རེར་དགོས་ངེས་ཀྱི་དཀར་རྫས་ཐོབ་ཐུབ།

  • འོ་མ་དང་། ཞོ། ཕྱུ་ར་བཅས་ནི་ཨ་རིའི་མི་མང་ཤོས་ཀྱི་དཀར་རྫས་ཀྱི་ཐོན་ཁུངས་གཙོ་བོ་དེ་ཆགས་ཡོད།
  • ལོ་འཁོར་པད་ཚལ་(kale)དང་། ཐེའུ་པད་རྡོག (broccoli/西兰花) ཚོད་དཀར་ (cabbage/白菜) བཅས་ནི་དཀར་རྫས་མང་པའི་སྔོ་རིགས་ཡིན།
  • རུས་པ་སོབ་སོབ་ཅན་གྱི་ཉ་རིགས་ནི་དཀར་རྫས་མོད་པའི་སྲོག་ཆགས་ཀྱི་ཤ་རིགས་ཡིན།
  • གྲོ་དང་ནས་སོགས་སུ་རྩ་བའི་ཆ་ནས་དཀར་རྫས་འདུས་ཚད་ཉུང་ནའང་། མི་རྣམས་ཀྱིས་དུས་རྒྱུན་ཟ་བཞིན་ཡོད་པས་དེ་དག་ལ་དཀར་རྫས་མང་པོ་ཐོབ།

འཚོ་བཅུད་ཟུར་སྣོན་གྱི་དཀར་རྫས་རིགས་གང་དག་ཡོད་དམ།

དཀར་རྫས་ནི་ཟས་རིགས་མང་པོ་ཞིག་ཏུ་རང་བྱུང་གིས་ཡོད་པ་ཞིག་ཡིན། རྩོམ་ཡིག་འདིའི་དམིགས་ཡུལ་གཙོ་བོ་ནི་ཁྱེད་ཀྱིས་རང་བྱུང་ཟས་རིགས་ལས་དཀར་རྫས་ཚུད་པའི་འཚོ་བཅུད་རིགས་གཞན་དག་ཐོབ་པར་བྱེད་རྒྱུ་དེ་ཡིན། གལ་སྲིད་སྨན་པའི་བཀོད་མངགས་ལྟར་ཉོས་ནས་བསྟེན་དགོས་བྱུང་ན། ཀུན་འདུས་འཚོ་བཅུད་དང་གཏེར་རྫས་ཟུར་སྣོན་(multivitamin-mineral supplement) མང་པོའི་ནང་དུའང་ཡོད། མི་མང་པོས་དཀར་རྫས་དང་འཚོ་བཅུད་D འདྲེས་མ་ཉོས་ནས་བསྟེན་བཞིན་ཡོད། གང་ཡིན་ཟེར་ན། འཚོ་བཅུད་D མེད་ན་དཀར་རྫས་ག་ཚོད་ཡོད་ཀྱང་ལུས་པོས་དེ་དག་ཚུལ་བཞིན་བེད་སྤྱོད་གཏོང་མི་ཐུབ། འཚོ་བཅུད་D སྐོར་ལ་གསར་བོར་ཤེས་འདོད་ན་འདིར་སྣུན། བསྟེན་ཐེངས་གཅིག་ལ་དཀར་རྫས་ཁེ་ཕྲན་ལྔ་བརྒྱ་ (500 mg) ལས་ཉུང་བ་བསྟེན་ན་ལུས་པོས་ཚུལ་བཞིན་བེད་སྤྱོད་བྱེད་ཐུབ། སྐྱེས་མ་ཚོས་འཚོ་བཅུད་D དང་དཀར་རྫས་ལྷན་དུ་ཡོད་པའི་འཚོ་བཅུད་ཁེ་ཕྲན་ལྔ་བརྒྱ་ལས་མ་བརྒལ་རེ་བསྟེན་ན་འོས་འཚམས་ཡིན། གལ་སྲིད་འཚོ་བཅུད་ཟུར་སྣོན་གྱི་དཀར་རྫས་དང་འཚོ་བཅུད་D བསྟེན་བཞིན་མེད་ན། སྐྱེས་མ་སྤྱི་དང་དམིགས་བསལ་གྱིས་ལོ་ན་ལྔ་བཅུ་བརྒལ་བའི་སྐྱེས་མ་ཚོས་འོ་མ་དང་། ཞོ། དེ་བཞིན་གོང་འཁོད་དཀར་རྫས་མོད་པའི་ཟས་རིགས་མང་ཙམ་བསྟེན་ནས་ཉིན་རེར་དགོས་ངེས་ཀྱི་དཀར་རྫས་ཐོབ་ཐབས་བྱེད་རྒྱུ་གལ་ཆེན་པོ་ཡིན།

ང་ལ་དགོས་ངེས་ཀྱི་དཀར་རྫས་ཐོབ་བཞིན་ཡོད་དམ།

གཤམ་འཁོད་ཀྱི་མི་རྣམས་ཚུད་པའི་མི་མང་པོ་ཞིག་ལ་ཉིན་རེར་དགོས་ངེས་ཀྱི་དཀར་རྫས་ཐོབ་བཞིན་མེད། དེ་དག་ནི་

  • བུ། ལོ་ན་ 9-13
  • བུ་མོ། ལོ་ན་ 9-18
  • སྐྱེས་མ་ལོ་ན་ 50 ཡན།
  • སྐྱེས་པ་ལོ་ན་ 70 ཡན།

དཀར་རྫས་དང་འཚོ་བཅུད་D མོད་པའི་ཟས་རིགས་བསྟེན་པ་ཡིན་ན། ང་ཚོའི་ལུས་པོས་ཉིན་རེར་དགོས་ངེས་ཀྱི་དཀར་རྫས་བེད་སྤྱོད་བྱས་པའི་ལྷག་མ་ཚང་མ་རུས་པའི་ནང་དུ་གསོག་འཇོག་བྱེད་པ་ཡིན། དེས་རུས་པ་མཁྲེགས་པོ་དང་། བདེ་ཐང་ལྡན་པ་ཡོང་བར་བྱེད། གལ་སྲིད་ཉིན་རེའི་དགོས་ངེས་ཀྱི་དཀར་རྫས་ཟས་རིགས་སོགས་ནས་མ་ཐོབ་ཚེ། ལུས་ཀྱི་བྱེད་ལས་ཁག་སྒྲུབ་པའི་ཆེད་དུ་རུས་པའི་ནང་ནས་དཀར་རྫས་འཐེན་པ་རེད། དེས་ང་ཚོའི་རུས་པ་སོབ་སོབ་ཆགས་པར་བྱེད་པ་ཡིན་པས། རུས་པ་ཆག་པ་སོགས་རུས་པ་དང་འབྲེལ་བའི་ནད་རིགས་འབྱུང་བ་ཡིན།

མི་ཁ་ཤས་ལ་གཞན་དང་བསྡུར་ན་དཀར་རྫས་མཁོ་བསྡུ་བྱེད་རྒྱུའི་དཀའ་ངལ་ཆེ་བ་ཡོད་སྲིད།

  • ཟླ་མཚན་ཆད་པའི་[1]་སྔ་རྗེས་ཏེ། ལོ་ན་45-50 བར་གྱི་སྐྱེས་མ་ཚོར་དཀར་རྫས་མི་འདང་བའི་དཀའ་ངལ་ཡོང་གི་ཡོད། གནས་སྐབས་འདིར་རུས་པའི་ནང་གི་དཀར་རྫས་ཟད་ཚད་མགྱོགས་པ་དང་། ལུས་པོས་དཀར་རྫས་བསྡུ་ལེན་བྱེད་ཚད་ཉམས་པ་ཡིན་པས། དཀར་རྫས་མང་བའི་ཟས་རིགས་ཆེད་དུ་བསྟེན་པ་དང་། དཀར་རྫས་དང་འཚོ་བཅུད་D འདྲེས་མའི་འཚོ་བཅུད་ཟུར་སྣོན་རིགས་ཚད་དང་ལྡན་པ་རེའང་བསྟེན་ན་བཟང་། དེ་ལྟར་བྱས་ན། རུས་པ་ཟད་ཚད་ཉུང་འཕྲི་བྱེད་ཐུབ།
  • བྱིས་པ་བཙའ་རྒྱུ་ཡོད་པའི་སྐྱེས་མ་ཚོར་ཟླ་མཚན་འབབ་རྒྱུ་མེད་པའི་གནས་སྐབས་དེར་ལུས་པོས་དཀར་རྫས་བསྡུ་ལེན་བྱེད་ཚད་དམའ་བ་དང་། གཅིན་པའི་ནང་དཀར་རྫས་འདྲེས་ཚད་མཐོ་བ་ཡོད། དེ་བས། བསྡུ་ལེན་ཉུང་བ་དང་ཕྱིར་ཤོར་ཚད་མཐོ་བའི་གནས་སྟངས་འདི་དོ་སྙོམས་པར་བྱེད་དགོས་ན་ངེས་པར་འོ་མ་དང་། ཞོ། ཕྱུ་ར། དེ་མིན་གྱི་དཀར་རྫས་མོད་པའི་སྔོ་ཚོད་རིགས་མང་ཙམ་བསྟེན་པའམ། ཡང་ན་འཚོ་བཅུད་ཟུར་སྣོན་གྱི་དཀར་རྫས་དང་འཚོ་བཅུད་D འདྲེས་མ་བསྟེན་ན་འོས་པ་ཡིན།
  • འོ་མངར་(lactose/乳糖) འཇུ་མི་ཐུབ་པའི་མི་སྟེ། འོ་མའི་ནང་ཡོད་པའི་རང་བྱུང་གི་མངར་ཆ་དེ་ཕོ་བས་འཇུ་མ་ཐུབ་པ་ལ་བརྟེན་ནས། འོ་མ་འཐུང་བ་དང་གྲོད་ཁོག་དབུགས་ཀྱིས་ཁེངས་པ། ན་བ། བཤལ་བ་སོགས་བྱེད་མཁན་ཚོས་འོ་མའི་ནང་གི་དཀར་རྫས་བསྡུ་ལེན་བྱེད་ཐུབ་ཀྱིན་མེད། གལ་སྲིད་ཁྱེད་འོ་མངར་འཇུ་མི་ཐུབ་མཁན་ཞིག་ཡིན་ན། དཀར་རྫས་མོད་པའི་སྔོ་ཚལ་དང་ཤིང་ཏོག་རིགས་མང་ཙམ་བསྟེན་རྒྱུར་དོ་སྣང་བྱེད་དགོས།

འཇུ་བྱེད་མ་ལག་གི་རྒྱུ་ལམ་ནས་དཀར་རྫས་བཅུད་ལེན་བྱེད་པར་རྒྱུ་རྐྱེན་མང་པོ་ཞིག་གིས་བར་ཆད་བཟོ་སྲིད་པ་ཡིན། དེ་དག་ནི།

  • ན་ཚོད་ལོན་རིམ་བཞིན་ང་ཚོའི་འཇུ་བྱེད་མ་ལག་གི་རྒྱུ་ལམ་ནས་དཀར་རྫས་བསྡུ་ལེན་བྱེད་པའི་ནུས་པ་ཇེ་ཞན་དུ་འགྲོ་བ་ཡིན། དེ་བས། ལོ་ན་༧༠ ཡན་གྱི་མིས་དཀར་རྫས་མང་ཙམ་བསྟེན་དགོས།
  • འཚོ་བཅུད་D (འཚོ་བཅུད་ང་པ་ཟེར་ཡང་རུང་) མ་འདང་ན་ལུས་པོས་དཀར་རྫས་ཚུལ་བཞིན་བེད་སྤྱོད་བྱེད་མི་ཐུབ། (འདིའི་སྐོར་འཚོ་བཅུད་D ངོ་སྤྲོད་བྱས་ཡོད་པ་དེར་གཟིགས་རོགས།)
  • སྲན་མའི་རིགས་དང་སྔོ་ཚོད་ཁ་ཤས་ནང་ཡོད་པའི་ oxalic acid དང་། ཡོངས་འདུས་འབྲུ་རིགས་(རྩམ་པ་ལྟ་བུའི་)ནང་གི་ phytic acid ཡིས་དཀར་རྫས་བསྡུ་ལེན་བྱེད་པར་བར་ཆད་བྱེད་པ་ཡིན། (དུས་རྒྱུན་ཟས་རིགས་སྣ་འཛོམས་ཟ་མཁན་ཚོས་འདིར་སེམས་ཁུར་བྱེད་མི་དགོས།)

བཤང་གཅིན་དང་རྔུལ་ཆུའི་ལམ་ནས་ལུས་པོས་དཀར་རྫས་ག་ཚོད་ཀྱི་ཕྱིར་ཀློད་མིན་ལ་གཞན་དག་གིས་ཀྱང་རྐྱེན་བྱེད་པ་ཡིན། དེ་དག་ནི་ཆང་རག་དང་། ཁཱེ་ཧྥིན་མང་པོ་འདུས་པའི་བཏུང་བའི་རིགས་སོགས་ཡིན།

དཀར་རྫས་ཚད་ལོངས་པ་ཞིག་མ་ཐོབ་ན་ཅི་ཞིག་འབྱུང་ངམ།

ཉིན་རེའི་ཟས་རིགས་ནང་ནས་འདང་ངེས་ཀྱི་དཀར་རྫས་མ་ཐོབ་ཀྱང་དུས་ཐུང་ནང་མངོན་གསལ་དོད་པོའི་ནད་རྟགས་སོགས་མི་འབྱུང་། ཁྲག་ལམ་དུ་དགོས་ངེས་ཀྱི་དཀར་རྫས་མ་ཐོབ་པའི་སྐབས་ལུས་པོས་རུས་པ་ནས་ཚུར་བླངས་ཏེ་ཁ་གསབ་བྱེད་པ་ཡིན། འདི་ལྟར་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་རུས་པའི་སྤུས་ཀ་ཇེ་ཞན་དུ་སོང་ནས་རུས་པ་སོབ་སོབ་ཆགས་ཏེ་རུས་སོབ་གྲིམ་བུ་འབྱུང་བ་ཡིན། རུས་པ་ཆག་སླ་བའི་གནད་དོན་ཡང་འདི་ལྟར་བྱུང་བ་ཡིན།

དཀར་རྫས་མ་འདང་བ་ཚབས་ཆེ་ན་མཛུབ་མོ་སྦྲིད་པ་དང་ཟ་འཁྲུགས་ལངས་པ། རྩ་འཆུས་པའམ། ཡན་ལག་དང་ལུས་སོགས་གློ་བུར་སྐྱོམ་པ། སྲོག་ལ་ཉེན་ཁ་བསྐྱེད་པའི་སྙིང་གི་འཕར་ལྡིང་སོགས་འབྱུང་བ་ཡིན། ནད་རྟགས་འདི་དག་ནད་གཞི་གཞན་ཡོད་པ་དང་། བཤགས་བཅོས་སོགས་ཀྱིས་མཚོན་པའི་སྨན་བཅོས་བྱས་ཚར་ཙམ་གྱི་མི་རྣམས་ལ་རྒྱུན་དུ་མངོན་པ་ཞིག་ཡིན།

དཀར་རྫས་ཀྱིས་ང་ཚོའི་འཕྲོད་བསྟེན་ལ་ཐེབས་པའི་ཤུགས་རྐྱེན།

ཚན་རིག་པ་ཚོས་དཀར་རྫས་ཀྱིས་ང་ཚོའི་འཕྲོད་བསྟེན་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད། གཤམ་གསལ་གྲུབ་དོན་ཁག་ནི་མིག་སྔའི་བར་ཞིབ་འཇུག་དེ་དག་གིས་ཅི་ཞིག་རྙེད་ཡོད་པ་དག་ཡིན།

རུས་པའི་བདེ་ཐང་།

ལོ་ན་སུམ་ཅུར་མ་སོན་བར་མི་རྣམས་ཀྱིས་རང་གི་རུས་པ་མཁྲེགས་པོ་དང་བམ་ཚད་མཐུག་པོ་ཡོང་ཆེད་དཀར་རྫས་དང་འཚོ་བཅུད་D འདུས་པའི་ཟས་རིགས་མང་ཙམ་བསྟེན་དགོས། ལོ་ན་སུམ་ཅུར་མ་ལོན་བར་རུས་པའི་ནང་དཀར་རྫས་གསོག་ཉར་དང་། རུས་པའི་སྤུས་པ་ཇེ་ལེགས་སུ་གཏོང་ཐུབ། དེའི་རྗེས་སུ་རུས་པའི་ནང་གི་དཀར་རྫས་རིམ་བཞིན་ཟད་པ་ཡིན། ཡིན་ན་ཡང་། གལ་སྲིད་ང་ཚོས་ལུས་ཀྱི་ལྗིད་ཚད་ཚད་དང་རན་པ་ཞིག་དང་། དཀར་རྫས་དང་འཚོ་བཅུད་D འདུས་པའི་ཟས་རིགས་མང་པོ་བསྟེན་ན་དེས་རུས་པ་ཟད་ཚད་གུན་གསབ་བྱེད་ཐུབ་པ་ཡིན། རུས་པའི་བདེ་ཐང་ལ་དཀར་རྫས་དང་འཚོ་བཅུད་D གཉིས་ཀ་གལ་གནད་ཆེན་པོ་ཡིན། འཚོ་བཅུད་ཟུར་བྱས་པའི་རིགས་ཚད་ལས་བརྒལ་ན་ཕན་ལས་གནོད་ཆེ།

འབྲས་སྐྲན།

མི་ཁ་ཤས་ཀྱིས་དཀར་རྫས་མང་པོ་བསྟེན་ན་ཀན་སར་རམ། འབྲས་སྐྲན་སྔོན་འགོག་གམ། འབྲས་སྐྲན་རིགས་འགའ་ཤས་ཕོགས་པའི་ཉེན་ཁ་ཉུང་འཕྲི་བྱེད་ཐུབ་པར་བརྗོད་ཡོད་ཀྱང་། མིག་སྔའི་ཞིབ་འཇུག་གིས་སྐད་ཆ་དེ་དག་ལ་ཁུངས་སྐྱེལ་ཐུབ་པའི་དཔང་རྟགས་གང་ཡང་རྙེད་མེད།

སྙིང་རྩ་འགག་ནད།

ཞིབ་འཇུག་པ་ལ་ལ་ཞིག་གིས་དཀར་རྫས་ཚད་ལོངས་པ་བསྟེན་ན་དེས་སྙིང་རྩ་འགག་ནད་དང་། ཁྲག་རྩ་འགག་པའི་ནད་རིགས་ཉུང་འཕྲི་བྱེད་ཐུབ་པར་བཤད་པ་དང་། ཡང་ཞིབ་འཇུག་པ་ལ་ལ་ཞིག་གིས་དཀར་རྫས་བསྟེན་མང་དྲགས་པ་དང་། དམིགས་བསལ་གྱིས་འཚོ་བཅུད་ཟུར་སྣོན་དུ་ལས་སྣོན་བྱས་པའི་དཀར་རྫས་རིགས་བསྟེན་ན་སྙིང་རྩ་འགག་པའི་ནད་གཞི་བསྐྱེད་ཚུལ་བསྟན་ཡོད། ཚན་རིག་པ་ཚོས་གྲུབ་དོན་མི་འདྲ་བའི་ཞིབ་འཇུག་དེ་དག་བསྡུར་ནས་ཞིབ་འཇུག་བྱས་ཏེ་བཀོད་པའི་སྡོམ་ཚིག་ལྟར་ན། ཚད་ལས་མ་བརྒལ་བའི་དཀར་རྫས་(ཟས་རིགས་དང་འཚོ་བཅུད་ཟུར་སྣོན་གང་ཞིག་ནས་ཡིན་རུང་) བསྟེནད་ཀྱང་། དེས་སྙིང་རྩ་དང་ཁྲག་རྩ་འགག་པའི་ནད་གཞིར་ཕན་གནོད་གང་ཡང་བྱེད་ཀྱིན་མེད།

ཁྲག་ཤེད།

རང་བྱུང་ཟས་རིགས་ལས་རྙེད་པའི་དཀར་རྫས་ཚད་ལོངས་པ་ཞིག་བསྟེན་ན་དེས་ཁྲག་ཤེད་མཐོ་བའི་ནད་ཉུང་འཕྲི་བྱེད་ཅེས་ཞིབ་འཇུག་གྲུབ་དོན་ཁག་ཅིག་གིས་བསྟན་ཡོད། སྦྲུམ་སྲིང་ཁྲག་ཤེད་ (preeclampsia/先兆子痫) ཟེར་བ་ནི་སྦྲུམ་མ་ཚོར་འབྱུང་བའི་ཉེན་ཚབས་ཆེ་བའི་འཕྲོད་བསྟེན་གནས་བབ་ཅིག་ཡིན། གནས་སྟངས་འདིར་སྦྲུམ་མའི་ཁྲག་ཤེད་ཇེ་མཐོར་སོང་བ་དང་། མཁལ་མར་དཀའ་ངལ་འཕྲད་པ་བཅས་ཀྱིས་ལུས་ཀྱི་སྤྲི་རྫས་གཅིན་ལམ་དུ་གཤོ་བར་བྱེད་ཀྱིན་ཡོད། སྦྲུམ་སྲིང་ཁྲག་ཤེད་ནི་སྦྲུམ་མ་དང་ཕྲུ་གུ་མ་འབྱར་གྱི་སྲོག་འཕྲོག་མཁན་ཨང་དང་པོ་དེ་ཡིན། དུས་རྒྱུན་དཀར་རྫས་མང་བའི་ཟས་རིགས་ཟས་ནས་དཀར་རྫས་ 900 mg ལས་ཉུང་བ་དང་། མངལ་ཆགས་དུས་དཀར་རྫས་1000 mg ཙམ་བསྟེན་མཁན་ཚོར་སྦྲུམ་སྲིང་ཁྲག་ཤེད་རྒྱས་པའི་གནས་སྟངས་འདི་འབྱུང་དཀོན། ཨ་རིར་ཆ་མཚོན་ན། སྦྲུམ་མ་ཕལ་ཆེ་བར་ཉིན་རེའི་ཟས་རིགས་ནང་ནས་དགོས་ངེས་ཀྱི་དཀར་རྫས་ཐོབ་བཞིན་ཡོད་ཟེར།

མཁལ་རྡོ།

མཁལ་རྡོ་ཕལ་ཆེ་བའི་ནང་དཀར་རྫས་ཤས་ཆེ་བ་ཡོད། ཞིབ་འཇུག་ཁ་ཤས་ཀྱིས་འཚོ་བཅུད་ཟུར་སྣོན་བྱས་པའི་དཀར་རྫས་མང་པོ་བསྟེན་པ་དང་། མཁལ་མར་རྡོ་གསོག་པ་གཉིས་དབར་འབྲེལ་བ་ཡོད་པ་མ་ཟད། དམིགས་བསལ་གྱིས་ལོ་ན་རྒན་པའི་ནང་དཀའ་ངལ་འདི་མངོན་གསལ་དོད་པོ་ཡོད་ཟེར། རང་བྱུང་གི་ཟས་རིགས་ལས་རྙེད་པའི་དཀར་རྫས་ག་ཚོད་ཟས་ཀྱང་དེས་མཁལ་རྡོ་བསྐྱེད་པའི་ཉེན་ཁ་ཡོད་པ་ད་སྔ་ཤེས་རྟོགས་བྱུང་མེད། མི་ཕལ་ཆེ་བར་མཚོན་ན་མཁལ་རྡོ་གསོག་པའི་རྒྱུ་རྐྱེན་གཞན་ཞིག་ནི་དུས་རྒྱུན་ཆུ་མང་པོ་འཐུང་གི་མེད་པའི་རྐྱེན་གྱིས་ཡིན་པར་འདོད་བཞིན་ཡོད།

ལུས་ཀྱི་ལྗིད་ཚད།

ཞིབ་འཇུག་ལ་ལ་ཞིག་གིས་དཀར་རྫས་མང་པོ་བསྟེན་ན་ལུས་ཀྱི་ལྗིད་ཚད་ཆག་ཐུབ་ཟེར་རུང་། དོན་དངོས་ཐོག་ཚན་རིག་པ་ཚོས་ཞིབ་འཇུག་བྱས་ནས་དཀར་རྫས་ཀྱིས་མིའི་ལུས་སྟེང་གི་ཚིལ་ཞགས་ཉུང་འཕྲི་དང་ལྗིད་ཚད་མར་གཅོག་པའི་བདེན་དཔང་གང་ཡང་རྙེད་མེད།

དཀར་རྫས་འདི་གནོད་ཚབས་ཆེ་བ་ཡོད་དམ།

དཀར་རྫས་འདི་ང་ཚོའི་ལུས་པོར་དགོས་ངེས་ཅན་གྱི་འཚོ་བཅུད་ཅིག་ཡིན། ཡིན་ན་ཡང་། ཚད་ལས་བརྒལ་ན་རྩ་འགག་གི་ནད་དང་། ལུས་པོས་དགོས་ངེས་ཀྱི་རྫས་དང་བཅུད་གཞན་བསྡུ་ལེན་བྱེད་པར་བར་གེགས་བྱེད་པ་ཡིན། དར་མ་ཚོས་དཀར་རྫས་བསྟེན་ཆེ་ན་མཁལ་རྡོ་གསོག་པ་འབྱུང་། འོན་ཀྱང་། རང་བྱུང་ཟས་རིགས་ནས་རྙེད་པའི་དཀར་རྫས་ཀྱིས་གནོད་མི་སྐྱེལ། འཚོ་བཅུད་ཟུར་སྣོན་དུ་ལས་སྣོན་བྱས་པའི་དཀར་རྫས་མང་པོ་བསྟེན་ན་ནད་རིགས་གཞན་བསྐྱེད་པར་བཤད་མཁན་གྱི་ཞིབ་འཇུག་པ་ཁ་ཤས་ཡོད་ཀྱང་། ཞིབ་འཇུག་གྲུབ་དོན་དེ་དག་ལ་ད་དུང་ཞིབ་འཇུག་གཏིང་ཟབ་མོ་མ་བྱས་པར་སྡོམ་ཚིག་འགོད་དཀའ།

གཤམ་གྱི་རེའུ་མིག་ཏུ་བཀོད་ཡོད་པ་ནི་ང་ཚོར་དགོས་ངེས་ཀྱི་དཀར་རྫས་ཚད་མཐོ་ཤོས་དེ་ཡིན། འདི་ལས་མང་བ་བསྟེན་ན་ཕན་ལས་གནོད་ཆེ། རང་བྱུང་ཟས་རིགས་ནས་ཚད་ལས་བརྒལ་བའི་དཀར་རྫས་ཐོབ་པ་དཀོན་པོ་ཡིན། དཀར་རྫས་བསྟེན་ཚད་ཚད་ལས་བརྒལ་བ་བྱུང་བའི་དཀའ་ངལ་ཚང་མ་འཚོ་བཅུད་ཟུར་སྣོན་དུ་ལས་སྣོན་བྱས་པའི་དཀར་རྫས་བསྟེན་པ་ལས་ཡོང་བཞིན་ཡོད།

ལོ་ཚོད། དཀར་རྫས་ཀྱི་མང་མཐའི་ཚད།
སྐྱེས་ནས་ཟླ་དྲུག 1,000 mg
ཟླ་བདུན་ནས་བཅུ་གཉིས། 1,500 mg
ལོ་གཅིག་ནས་བརྒྱད། 2,500 mg
ལོ་དགུ་ནས་བཅོ་བརྒྱད། 3,000 mg
ལོ་བཅུ་དགུ་ནས་ལྔ་བཅུ། 2,500 mg
ལྔ་བཅུ་ང་གཅིག་ནས་ཡར། 2,000 mg
ལོ་ཆུང་སྦྲུམ་མ་དང་། ནུ་མ་སྣུན་མཁན། 3,000 mg
དར་མ་སྦྲུམ་མ་དང་། ནུ་མ་སྣུན་མཁན། 2,500 mg


དཀར་རྫས་དང་སྨན་རིགས་ཀྱི་འགལ་འདུ།

འཚོ་བཅུད་ཟུར་སྣོན་དུ་ལས་སྣོན་བྱས་པའི་དཀར་རྫས་དང་། སྨན་རྫས་རིགས་ཁག་ཅིག་ཕན་ཚུན་བར་གེགས་བྱེད་སྲིད་པ་ཡིན་པས། སྔོན་ཚུད་ནས་སྨན་བསྟེན་མཁན་དང་། ཡང་ན་སྔོན་ཚུད་ནས་འཚོ་བཅུད་ཟུར་སྣོན་དུ་ལས་སྣོན་བྱས་པའི་དཀར་རྫས་རིགས་བསྟེན་མཁན་ཚོས་དེ་གཉིས་མཉམ་སྤྱོད་བྱེད་མི་རུང་། ཞིབ་ཕྲའི་གནས་ཚུལ་རང་གི་སྨན་པར་ལམ་སྟོན་ཞུ་དགོས།

དཀར་རྫས་དང་འཕྲོད་བསྟེན་ཟས་སྤྱོད།

ཨ་རི་དབུས་གཞུང་གི་ཨ་རིའི་མི་མང་ལ་གདམ་པའི་ཟས་བཅུད་ལམ་སྟོན་ཞེས་པར་ང་ཚོས་ཉིན་རེའི་དགོས་ངེས་ཀྱི་དཀར་རྫས་དེ་རང་བྱུང་ཟས་རིགས་ལས་ཐོབ་པར་ཤུགས་སྣོན་རྒྱག་དགོས་ལུགས་བཀོད་ཡོད། རང་བྱུང་ཟས་རིགས་ནང་ང་ཚོར་དགོས་ངེས་ཀྱི་འཚོ་བཅུད་དང་། གཏེར་རྫས། ཟས་ཉག་དང་དེ་མིན་གྱི་བདེ་ཐང་ལ་ཕན་པའི་རྫས་རིགས་མང་པོ་ཞིག་འདུས་ཡོད།

གསལ་བཤད།

རྩོམ་ཡིག་འདི་ཨ་རིའི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་དྲ་རྒྱར་བཀོད་པའི་རྩོམ་ཡིག་ལ་གཞི་བཅོལ་ནས་སྒྱུར་སྒྲིག་བྱས་པ་ཞིག་ཡིན་ཡང་། རྩོམ་ཡིག་འདིས་ཁྱེད་ཀྱི་སྨན་པའི་ཚབ་མི་བྱེད་མི་ཐུབ། ང་ཚོས་རྩོམ་ཡིག་འདི་བརྒྱུད་ནས་དཀར་རྫས་ཀྱི་གལ་ཆེའི་རང་བཞིན་ཐད་གོ་རྟོགས་སྤེལ་བ་ལས། ཁྲོམ་རྭའི་ནང་འཚོང་བཞིན་པའི་འཚོ་བཅུད་རིགས་ཉོས་ནས་བསྟེན་དགོས་པའི་བླང་བྱ་འདོན་བཞིན་མེད་པ་ཐུགས་ལ་ངེས་པར་གནང་རོགས།

རྩོམ་ཁུངས། https://ods.od.nih.gov/factsheets/Calcium-Consumer/

[1] Postmenopausal:

Leave a Reply

Your email address will not be published. Required fields are marked *