ཆང་རག་གིས་གསོད་བཞིན་པའི་ཀྲུང་གོ

ཀྲུང་གོ་ནང་གི་ཆང་དང་ཆང་དང་འབྲེལ་བའི་གནོད་ཚབས། སྲིད་ཇུས་བསྐྱར་ཞིབ་བྱེད་རྒྱུའི་དུས་ལ་བབ་ཡོད།

ངོ་སྤྲོད།

ཀྲུང་གོ་ནང་གི་ཆང་འཐུང་ཚད་རྒྱལ་སྤྱིའི་སྟེང་གི་རྒྱལ་ཁབ་གཞན་གང་དང་བསྡུར་ནའང་འཕར་ཚད་ཧ་ཅང་མགྱོགས། ཉེ་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་ཡིག་ཚགས་ཀྱིས་བསྟན་པ་ལྟར་ན།ཀྲུང་གོས་ཆང་རག་ཐོན་བསྐྱེད་དང་འཛད་སྤྱོད་བྱེད་ཚད། ཆང་རག་དང་འབྲེལ་བའི་དོན་རྐྱེན་སོགས་ལོ་རེར་ཇེ་མཐོར་སོང་ཡོད།

གནམ་ས་ཁ་ལོ་བསྐོར་བ་ལྟ་བུའི་འགྱུར་ལྡོག་འདི་སྤྱི་ལོ་༡༩༨༠ ཙམ་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་། དེ་དང་མཉམ་དུ་མི་མང་གི་ཆ་སྙོམས་ཡོང་ འབབ་འཕར་བ་ནས་བྱུང་ཡོད།

ཀྲུང་གོའི་ནང་ཆང་རག་འཐུང་བ་འདི་སྤྱི་ཚོགས་ཀྱི་བྱེད་སྒོ་ཆེ་ཁག་དཔེར་ན་དཔྱིད་གསར་དུས་ཆེན་དང་། གཉེན་སྟོན། སྐྱེས་སྐར་གསོལ་སྟོན་སོགས་སུ་སྤྱི་ཡོངས་ནས་དང་ལེན་བྱེད་བཞིན་ཡོད། དེ་ལྟ་ནའང་། གློ་བུར་བའི་ཀྲུང་གོའི་དཔལ་ འབྱོར་འཕེལ་རྒྱས་དེ་ཀྲུང་གོའི་མི་མང་གི་ཆང་རག་འཐུང་བའི་གོམ་སྲོལ་ལ་འགྱུར་བ་མངོན་གསལ་དོད་པོ་ཞིག་བྱུང་བ་དང་འགྲོགས་ནས་སླེབས་ཡོད། དེ་ཙམ་དུ་མ་ཟད། དེང་གི་ཆར་ཆང་རག་ནི་སེམས་ངལ་སེལ་ཐབས་སུ་བསྟེན་པ་དང་། དགོང་ཟས་དང་ལྷན་དུ་ཚོང་ལས་གྲོས་བསྡུར་བྱེད་པའམ། ལས་ཁུངས་གྲོལ་རྗེས་ལྷན་དུ་ཟ་མ་ཟ་བ་བྱེད་བཞིན་ཡོད་པས། ཆང་རག་ནི་འབྲེལ་ལམ་འཛུགས་པའི་བྱེད་ཐབས་དང་།འགོ་ཁྲིད་དང་ལས་བྱེད་མི་སྣའི་བར་གྱི་མཛའ་འབྲེལ་སྐྱོང་ཐབས་སོགས་སུ་བསྟེན་བཞིན་ཡོད།

རྩོམ་ཡིག་འདིའི་ནང་དུ་ཐོག་མར་ང་ཚོས་ཀྲུང་གོའི་ནང་གི་ཆང་རག་དང་འབྲེལ་བའི་དོན་རྐྱེན་ཁག་གི་འཕེལ་ཕྱོགས་ཏེ། གཞི་རྩའི་ཆ་ནས་ཆང་རག་ཚོད་མེད་འཐུང་བའི་ཆང་རག་གོ་འཛོལ་ལ་བསྐྱར་ཞིབ་དང་། དེ་ནས་མིག་སྔའི་ཆང་རག་ དང་འབྲེལ་གནོད་སྐྱོན་ཉུང་འཕྲི་བྱ་བར་དམིགས་པའི་སྲིད་ཇུས་ཁག་ལ་འགྲེལ་བརྗོད་ཅིག་བྱེད་རྒྱུ་ཡིན། མཇུག་ཏུ་ ང་ཚོས་མིག་སྔའི་ཆང་རག་དང་འབྲེལ་བའི་གནོད་སྐྱོན་ཇེ་མང་དུ་འགྲོ་བཞིན་པ་འདི་ཉིད་སྟངས་འཛིན་བྱེད་པར་ཕན་པའི་སྲིད་ཇུས་ལ་བཅོས་སྒྱུར་བྱེད་པའི་གྲོས་འཆར་ཁག་ཅིག་དང་མཉམ་དུ་སྡོམ་རྒྱག་རྒྱུ་ཡིན།

ཆང་རག་དང་ཆང་རག་འཐུང་བའི་གོམ་སྲོལ།

ཉེ་བའི་ཆར་ཀྲུང་གོ་རྒྱལ་ཡོངས་སུ་ཞིབ་བརྩད་ཅིག་བྱས་འདུག་པ་དེས་བསྟན་པ་ལྟར་ན། སྐྱེས་པ་སྤྱིའི་བརྒྱ་ཆ་ལྔ་བཅུ་ ལྔ་ང་ཚེག་དྲུག་ (55.6%) དང་། སྐྱེས་མ་སྤྱིའི་བརྒྱ་ཆའི་བཅོ་བལྔ་ (15%) ལྷག་ཆང་རག་འཐུང་མཁན་ཡིན། ཞིབ་འཇུག་འདིར་མཉམ་ཞུགས་ཀྱིས་རང་ཉིད་ཆང་འཐུང་མཁན་ཡིན་པའི་ངོས་ལེན་མཁན་གྱི་སྐྱེས་པ་སྤྱིའི་བརྒྱ་ཆ་62.7 % དང་སྐྱེས་མ་བརྒྱ་ཆ་51.0% ལྷག་གིས་ཆང་རག་ཚད་ལས་བརྒལ་བ་འཐུང་བཞིན་ཡོད་ལ། སྐྱེས་པ་བརྒྱ་ཆའི་26.3%དང་སྐྱེས་མ་བརྒྱ་ཆའི་7.8%ལྷག་གིས་རྒྱུན་འཐུང་བྱེད་པ་དང་། སྐྱེས་པ་བརྒྱ་ཆའི་57.3% དང་སྐྱེས་མ་བརྒྱ་ཆའི་ 26.6% ལྷག་གིས་འབྲུག་འཐུང་རྒྱག[1]་(binge drinking/喝到烂醉) གིན་ཡོད། གྲངས་གནས་འདི་དག་གིས་ཀྲུང་གོའི་ཆང་རག་འཐུང་ཚད་དེ་སྤྱི་ལོ་༡༩༧༠ ཡི་སྨད་དང་། དེ་བས་ཀྱང་སྤྱི་ལོ་༡༩༩༠ ལོའི་རྗེས་ནས་མངོན་གསལ་དོད་པོ་ཇེ་མཐོར་ཕྱིན་ཡོད་པ་བསྟན་ཡོད། ཀྲུང་གོའི་ཆང་རག་དང་འབྲེལ་བའི་གནོད་སྐྱོན་ ཐེབས་པའི་བསྡུར་ཚད་ནད་ཡམས་རང་བཞིན་གྱི་གནས་བབ་ཏུ་སོན་ཡོད།

ཀྲུང་གོའི་སྤྱི་མང་གིས་རྣམ་གྲངས་སྣ་ཚོགས་པའི་ཆང་རག་འཐུང་བཞིན་ཡོད། ཆང་རག་ཕལ་ཆེ་བའི་ཐོན་བསྐྱེད་གྲངས་ཚད་དེ་སྤྱི་ལོ་༢༠༠༤ ནས་ལོ་རེ་བཞིན་ཇེ་མཐོར་སོང་ནས། ད་ལྟའི་ཆར་ཀྲུང་གོ་ ནི་ཝུ་ཆང་(སྦིར་རག་) ཐོན་བསྐྱེད་བྱེད་མཁན་ཆེས་ཆེ་བའི་རྒྱལ་ཁབ་ཁག་ནང་གི་གཅིག་ཏུ་གྱུར་ཡོད། ཆང་དམར་ཐོན་ བསྐྱེད་བྱེད་ཚད་ཀྱང་མངོན་གསལ་དོད་པོར་འཕར་སྣོན་བྱུང་ཡོད། ལོ་ན་བཅོ་ལྔ་དང་དེ་ལས་རྒན་པའི་ཀྲུང་གོ་བ་སྤྱིའི་ལོ་རེའི་ནང་ལྷད་མ་བསྲེས་པའི་ཆང་འཐུང་ཚད་དེ་སྤྱི་ལོ་༡༩༥༢ ལོར་རྒྱ་མ་0.4 (litre/升) ནས། སྤྱི་ལོ་༡༩༧༨ ལོའམ། རིག་གནས་གསར་བརྗེའི་རྗེས་སུ་རྒྱ་མ་ 2.5 (litre/升) ལ་འཕར་ཡོད། དེ་ནས་སྤྱི་ལོ་༢༠༠༩ ལོར་སྔར་གྱི་ཚད་དེ་ནས་རྒྱ་མ་4.9 (litre/升) ལ་འཕར་སྣོན་བྱུང་ཡོད། ད་དུང་། སྲིད་གཞུང་གི་ཐོན་ བསྐྱེད་མིང་ཐོར་འཁོད་མེད་པའི་ཆང་རག་མང་པོ་ཞིག་ཀྱང་ཀྲུང་གོ་ནས་ཐོན་བསྐྱེད་དང་འཛད་སྤྱོད་བྱས་ཡོད་པས། གོང་གི་རེའུ་མིག་ཏུ་གསལ་བ་དེས་སྲིད་གཞུང་གི་ངོས་ནས་གཞུང་འབྲེལ་དེབ་སྐྱེལ་ཐོ་འགོད་བྱས་པ་ཁོ་ན་མཚོན་པ་ཡིན།  ས་ཁུལ་མང་པོ་ཞིག་དང་། དམིགས་བསལ་གྱིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཕྱིན་མེད་པའི་ས་ཁུལ་ཁག་ཏུ་ ཐོ་འགོད་དང་དེབ་སྐྱེལ་བྱས་མེད་པར་ཐོན་བསྐྱེད་དང་འཛད་སྤྱོད་བྱས་པའི་ཆང་རག་གིས་ཚད་གཞི་ངེས་ཅན་ཞིག་ཟིན་ཡོད། རེའུ་མིག་དང་པོའི་ནང་བསྟན་ཡོད་པ་ལྟར། སྤྱི་ལོ་༢༠༠༠ ལོར་ཀྲུང་གོའི་ཆང་རག་བརྒྱ་ཆ་སུམ་ཅུའམ་(30%)། ཡང་ན་སྤྱི་ལོ་༢༠༠༠ ལོར་ཀྲུང་གོའི་ཁྱོན་དུ་མི་རེས་ལྷད་མ་བསྲེས་པའི་ཆང་རག་རྒྱ་མ་ལྔ་ཚེག་དགུ་ (5.9 liters) འཐུང་ཡོད་པའི་ཁོངས་ནས་ཧ་ལམ་རྒྱ་མ་གཅིག་ཚེག་བདུན་ (1.7 liter) རེ་ཐོ་འགོད་བྱས་མེད། གཞུང་ལ་དེབ་སྐྱེལ་དང་ཐོ་འགོད་མ་བྱས་པར་བཟོས་ནས་འཚོང་འགྲེམ་བྱས་པའི་ནག་ཚོང་མང་པོ་ ཞིག་གཞུང་གི་ཟིན་ཐོར་འཁོད་མེད་པ་མ་ཟད། དེ་དག་ལས་ཁ་ཤས་ཤིག་གིས་མི་མང་ལ་ནད་དུག་ཕོག་དང་ཚེ་སྲོག་ཤོར་བའི་ གནས་ཚུལ་བསྐྱེད་ཡོད། ཁྲིམས་འགལ་ཐོག་ཆང་རག་བཟོ་འཚོང་དང་འཛད་སྤྱོད་བྱེད་པ་འདིའི་རིགས་ལ་སྟངས་འཛིན་དང་སྤུས་ ཚད་དོ་དམ་བྱེད་ཐབས་ཧ་ལམ་མེད་པ་ལྟ་བུ་ཡིན་པས་དེའི་རིགས་རྩ་མེད་གཏོང་དགོས། ཆང་དུག་དང་དུག་རྫས་གཞན་གྱིས་ནད་གཞི་དང་སྲོག་སྐྱོན་ཤོར་བའི་ཉེན་ཁ་བསྐྱེད་པའི་གནས་བབ་འདི་སྤྱི་མང་འཕྲོད་བསྟེན་གྱི་སེམས་ཁུར་ཆེ་ཤོས་ཁག་ནང་གི་གཅིག་ཡིན།

ཞིབ་འཇུག་རྩོམ་ཡིག་འདིར་ད་དུང་ (༡) ཆང་རག་དང་འབྲེལ་བའི་གནོད་སྐྱོན་དང་། (༢) མིག་སྔའི་སྲིད་ཇུས་ཁག་ལ་སྤྱི་མང་འཕྲོད་བསྟེན་གྱི་བྱེད་ཐབས་དགོས་པ། (༣) ཆང་རག་གི་ཁྲལ་སྤར་རྒྱུ། (༤) ཆང་འཐུང་ནས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ཐད་ཁྲིམས་ལུགས་གཏན་འབེབ། (༥) ལོ་ཆུང་ཚོར་ཆང་རག་བཙོང་མི་ཆོག་པ་དང་ཚོང་རྭར་འགྲེམ་ཚུལ་ལ་སྟངས་འཛིན། (༦) ཆང་རག་དང་འབྲེལ་བའི་གནད་དོན་སྨན་བཅོས་བྱེད་པའི་ལས་འཆར་སྤེལ་བ། (༧) གཞུང་གི་ལས་བྱེད་མི་སྣའི་ཁྲོད་ཆང་རག་འཐུང་བའི་བྱ་སྤྱོད། (༨) ཞིབ་འཇུག་དང་ཞིབ་བཤེར་རྒྱུན་མཐུད་པ། (༩) ཆང་རག་དང་འབྲེལ་བའི་སྲིད་ཇུས་དང་སྨན་བཅོས་ལ་རྒྱབ་སྐྱོར་ཐོབ་ཐབས་སུ་སྤྱི་ཚོགས་བྱེད་སྒོ་སྤེལ་བ། (༡༠) སྲིད་གཞུང་གི་ཆོད་སེམས་དང་ཕྱོགས་སྟོན། (༡༡) མཇུག་སྡོམ་བཅས་ཚུད་ཡོད་པ་ལས། གཤམ་འདིར་ཞིབ་འཇུག་རྩོམ་ཡིག་འདིའི་མཇུག་སྡོམ་བོད་བསྒྱུར་བྱས་ཡོད།

མཇུག་སྡོམ།

ཉེ་བའི་ལོ་ངོ་བཅུ་ཕྲག་འགའི་རིང་ཀྲུང་གོའི་ཆང་རག་ཐོན་བསྐྱེད་དང་འཛད་སྤྱོད་ལ་རྒྱ་བསྐྱེད་ཆེན་པོ་ཞིག་བྱུང་ཡོད་པ་འདི་ང་ཚོས་སྔོན་དཔག་བྱེད་ཐུབ་པའི་རྗེས་འབྲེལ་གྱི་དཀའ་རྙོག་སྟེ། ཆང་རག་དང་འབྲེལ་བའི་དུས་ཐུང་དང་ཚེ་ཡུན་ཧྲིལ་པོའི་འཕྲོད་བསྟེན་གྱི་དཀའ་ངལ་ཡང་དུས་མཉམ་དུ་རྒྱ་བསྐྱེད་བྱུང་ཡོད་ལ། འབྱུང་འགྱུར་དཀའ་ངལ་འདིའི་ཁྱབ་ཚད་ཇེ་མགྱོགས་དང་ཇེ་སྡུག་ཏུ་འགྲོ་རྒྱུར་ངེས་པ་ལྟ་བུ་ཡིན། ཀྲུང་གོས་ངེས་པར་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་བླང་བྱ་དང་། རྒྱལ་ཁབ་གཞན་གྱི་ཉམས་མྱོང་ཁག་ལ་གཞི་བཅོལ་ནས་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཡོངས་ཆང་རག་དོ་དམ་གྱི་སྲིད་ཇུས་ཤིག་ཛ་དྲག་གིས་སྤེལ་དགོས། ལས་དོན་འདི་(མི་གྲངས་གཞི་ལ་བཞག་པའི་བྱེད་ཐབས་ཤིག་གིས་) སྤྱི་ཡོངས་ནས་ཆང་རག་འཐུང་བའི་བྱ་སྤྱོད་ལ་སྟངས་འཛིན་བྱེད་པའི་ཐབས་ཇུས་ཤིག་གི་སྟེང་ན་སྤེལ་དགོས་པ་མ་ཟད། ཉེན་ཚབས་ཆེ་བའི་བྱ་སྤྱོད་སྔོན་འགོག་བྱེད་པར་དམིགས་སྒོ་གཏད་པའི་(ཉེན་ཚབས་ཆེ་ཆུང་གི་བྱེད་ཐབས་) སྒོ་ནས་ཀྱང་སྤེལ་དགོས། ཆང་རག་ཚོང་འགྲེམ་གྱི་ཁྱབ་བསྒྲགས་དང་། ཆང་རག་ཉོ་ཚོང་ལ་ཁྲལ་སྤར་བ། ཆང་རག་འཐུང་ཆོག་པའི་ལོ་ཚོད་ཁྲིམས་ཐོག་ནས་གཏན་འབེབ་བྱེད་པ། ཆང་འཐུང་ནས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ལ་བཀག་སྡོམ་བྱེད་པའི་སྲིད་ཇུས་འཛིན་པ་བཅས་ཀྱིས་ཆང་རག་དང་འབྲེལ་བའི་གནོད་སྐྱོན་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་མངོན་གསལ་དོད་པོ་ཐོན་ཐུབ། དེང་གི་ཆར་ཀྲུང་གོའི་ནང་དུ་འབྱུང་བཞིན་པའི་གལ་གནད་ཆེ་བའི་དཔལ་འབྱོར་དང་ཆབ་སྲིད་བསྐྱར་ཞིབ་ཁག་གི་དམིགས་སྒོ་གཙོ་བོ་གཏད་ས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་མང་འཕྲོད་བསྟེན་གཉིས་དོ་སྙོམས་པོ་ཡོང་ཐབས་དང་། དེ་བཞིན་ཉེ་རྒྱང་གཉིས་ཀྱི་ཆང་རག་ཚོད་འཛིན་བྱེད་ཐབས་དོ་སྙོམས་པོ་ཞིག་ཡོང་རྒྱུ་དེ་ཡིན། བྱེད་ཐབས་འདི་ཉིད་ལམ་ལྷོང་བྱུང་བ་ལ་སྤྱི་མང་འཕྲོད་བསྟེན་ལ་དམིགས་པའི་བྱེད་ཐབས་འདི་ད་ལྟ་དང་ལེན་བྱེད་དགོས་ལ། དེ་དང་མཉམ་དུ་ཕུགས་རྒྱང་རིང་པོའི་བདེ་འཇགས་སླད་ཆང་རག་དོ་དམ་གྱི་སྲིད་ཇུས་གཏན་འབེབ་བྱེད་དགོས།

བྱེད་ཐབས་འདི་གཉིས་ཀ་འཛིན་པ་ཡིན་ན་དེས་མི་རིང་བར་ཆབ་སྲིད་དང་དཔལ་འབྱོར་གྱི་ཁེ་ཕན་བསྐྲུན་ཐུབ་པ་ཡིན། བརྒྱུད་རིམ་འདིའི་ཁྲོད། ཀྲུང་གོའི་ཕྱོགས་ནས་ལྷོ་ཀོ་རི་ཡ་དང་། ཋེ་ལན་ཌི་སོགས་ཀྱིས་མཚོན་པའི་ཨེ་ཤ་ཡའི་རྒྱལ་ཁབ་གཞན་གྱིས་རྒྱལ་སྤྱིའི་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཆང་རག་འཛད་སྤྱོད་ལས་བྱུང་བའི་གནོད་སྐྱོན་ཉུང་འཕྲི་བྱེད་ཐབས་་ལག་བསྟར་བྱས་པའི་ཉམས་མྱོང་ལས་ཁག་ལས་བསླབ་བྱ་ལེན་ཆོག

རྩོམ་ཁུངས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། http://www.who.int/bulletin/volumes/91/4/12-107318/en/

[1] ཚིག་གསར། འབྲུག་འཐུང་རྒྱག་པ་(binge drinking/喝到烂醉) ནི་དུས་ཡུན་ཐུང་ཐུང་ཞིག་ཏུ་ཆང་ཚད་ལས་བརྒལ་བ་འཐུང་བར་གོ

Leave a Reply

Your email address will not be published. Required fields are marked *