ཆང་རག་དང་འཕྲོད་བསྟེན།

 

འདྲེ་རིག་ལྡན།

སྔོན་གླེང་།  ཆང་རག མི་མཐུན་མཐུན་པར་བྱེད་པའི་ཟམ་པ། ཟས་ཀྱི་དང་ག་འགྱེད་པའི་བདུད་བརྩི། ཡང་ན། ཆང་རག་ནི་མཐུན་མཐུན་ཁ་ཁར་གཏོང་བའི་དབྱེན་འདྲེ། ཟས་ཚད་དུག་ཏུ་བསྒྱུར་བའི་གདོན་རྫས། ཆང་རག་ལ་ང་ཚོས་རིན་ཐང་ཇི་ལྟར་གཞལ་མིན་དང་། ཡང་ན་ཅི་ཞིག་འཇོག་དགོས་མིན་ཐད་ཆང་འཐུང་མཁན་དང་མི་འཐུང་མཁན་གཉིས་ཀར་ལྟ་ཚུལ་སོ་སོར་ཡོད་ངེས་ཀྱང་། བསམ་ཚུལ་དང་དོན་དངོས་(opinion & fact) གཉིས་སོ་སོར་ཕྱེས་ནས། ང་ཚོས་ཆང་རག་ནི་ཅི་ཞིག་ཡིན་པ་དང་། དེས་ང་ཚོའི་ཀླད་པ་དང་ལུས་པོ་སྤྱིར་ཅི་ཞིག་བྱེད་མིན། མི་སྒེར་ཞིག་གི་ལུས་སེམས་གཉིས་དང་། དམིགས་བསལ་གྱིས་དེས་ཁྱིམ་ཚང་དང་གཞི་རྒྱ་ཆེ་བའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཅི་ཞིག་བཞག་དང་འཇོག་བཞིན་ཡོད་མེད་ལ་ཞིབ་བལྟ་ཞིག་བྱེད། དེའི་རྗེས་སུ། ཆང་རག་ལ་རིན་ཐང་ཅི་ཞིག་འཇོག་མིན་ཁྱེད་རང་ངོས་ནས་ཐག་གཅོད་བྱེད་རོགས།

medical illustration of the damage caused by alcohol on man

དུས་རབས་འདིའི་མི་རྣམས་ཀྱང་དུས་རབས་སྔ་མ་སྔ་མའི་མི་རྣམས་དང་འདྲ་བར་ཆང་རག་འཐུང་བཞིན་ཡོད་པ་མ་ཟད། ལ་ལས་བདུད་བརྩིར་བལྟས་ནས་ལོངས་སུ་སྤྱོད་བཞིན་ཡོད་ལ། ལ་ལས་གདོན་རྫས་སུ་བལྟས་ནས་སྐྱོན་བརྗོད་བྱེད་བཞིན་ཡོད། ཆང་རག་དང་འབྲེལ་བའི་དགའ་སྐྱོའི་འབྲེལ་བ་འདི་དུས་རབས་མང་པོར་གནས་ཤིང་། ཉེ་བའི་ལོ་ངོ་ཉི་ཤུ་ཙམ་ནས་བཟུང་གཞི་ནས་གནས་བབ་འདིར་འགྱུར་བ་ཤུགས་ཆེན་པོ་ཞིག་མངོན་འགོ་ཚུགས་ཡོད། དེ་ནི་ཨ་རིའི་མི་མང་ཁྲོད་འཕྲོད་བསྟེན་དང་བདེ་ཐང་ལ་དོ་སྣང་ཡོད་མཁན་ཚོས་ཆང་རག་ཉུང་འཕྲི་བྱེད་པའམ། མང་པོ་ཞིག་གིས་ཆང་རག་རྦད་དེ་བཅད་པ་ལ་བརྟེན་ནས་བྱུང་བ་ཡིན།

དེང་གི་ཨ་རིར་མཚོན་ན། ཆང་རག་གི་ཉེས་སྐྱོན་དང་འབྲེལ་བའི་ཚན་རིག་རང་བཞིན་གྱི་གསལ་བཤད་རབ་དང་རིམ་པ་ཉིན་རྒྱུན་གོ་ཐོས་འབྱུང་བ་མ་ཟད། ཆང་འཐུང་ནས་རླངས་འཁོར་བསྐོར་མི་ཆོག་པ་དང་། ལོ་ན་ཉེར་གཅིག་ལ་མ་སོན་པ་ཞིག་གིས་ཆང་འཐུང་མི་ཆོག་པ། ལོ་ན་དེར་མ་སོན་པའི་ལོ་ཆུང་རིགས་ལ་ཆང་རག་འཚོང་མི་ཆོག་པ། བརྙན་འཕྲིན་དང་། ཚགས་ཤོག དྲ་རྒྱ་སོགས་སུ་ཆང་རག་དྲིལ་སྒྲོག་བྱེད་མི་ཆོག་པ་སོགས་ཀྱི་ཁྲིམས་ལུགས་ཀྱང་རབ་དང་རིམ་པ་ཞིག་བྱུང་དང་འབྱུང་བཞིན་ཡོད།

ཆང་རག་ལ་འཛིན་པའི་འདུ་ཤེས་དང་། དེ་དང་འབྲེལ་བའི་ཁྲིམས་ལུགས་མང་པོ་ཞིག་ས་གནས་དང་རྒྱལ་ཁབ་སོ་སོར་མི་འདྲ་ནའང་། ཆང་རག་གི་རང་བཞིན་དང་གནས་ལུགས་ནི་ཀུན་ཁྱབ་ཀྱི་གནས་ལུགས་ཤིག་ཡིན་པས། ང་ཚོས་ཆང་རག་ཟེར་བ་འདི་ཡང་སྙིང་ཅི་ཞིག་ཡིན་མིན་ལ་ཞིབ་བལྟ་ཞིག་བྱེད།

ཆང་རག་གི་བྱུང་རབས།

ཆང་རག་(Booze 豪饮)ནི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ཏེ། རྡོ་ཆས་དུས་རབས་ཕྱི་མའི་(Neolithic human新石器时代) མི་རྣམས་ཀྱིས་གསང་བརྟོལ་བྱུང་བ་ཞིག་ཡིན། སྦི་རག་དང་། ལུམ་འབྲས་ཆང་དམར་ནི་སྤྱི་ལོ་མ་བྱུང་སྔོན་གྱི་ལོ་600 BC ཙམ་ནས་བྱུང་ཞིང་། དགུན་འབྲུམ་ཆང་དམར་ནི་སྤྱི་ལོ་མ་བྱུང་སྔོན་གྱི་ལོ་སུམ་བརྒྱའམ་བཞི་བརྒྱ་(300-400 BC) ཙམ་ནས་བྱུང་བའི་ལོ་རྒྱུས་ཡོད། སྦྲང་རྩི་ལས་ལས་སྣོན་བྱས་པའི་སྦྲང་ཆང་ (mead蜜蜂) ནི་ཕལ་ཆེར་ཆང་རག་ཚང་མའི་ནང་གི་རྙིང་ཤོས་དེ་ཡིན་ནམ་སྙམ། མཁས་པ་ལ་ལས་སྦྲང་ཆང་ནི་སྤྱི་ལོ་མ་བྱུང་སྔོན་གྱི་ལོ་བརྒྱད་སྟོང་ (8000 BC) ཙམ་ནས་ཡོད་པར་འདོད་བཞིན་ཡོད། དེ་ནི་རྡོ་ཆས་དུས་རབས་སྔ་མའི་ (Paleolithic旧石器时代) སྐབས་ཡིན། དུས་སྐབས་དེ་ཙམ་ནས་ཆང་རག་འདི་འཛམ་གླིང་ས་ཁུལ་མང་པོ་ཞིག་ཏུ་ཁྱབ་ཡོད་ཀྱང་། སྦི་རག་ནི་ཡུ་རོབ་གླིང་གི་མིའི་ནང་ནས་བྱང་ཨ་རི་ཐོག་མར་རྙེད་མཁན་ཀོ་ལམ་བྷསི་(Columbus) ཡིས་ཐོག་མར་འཕྲད་པའི་ཨ་རིའི་གདོད་མའི་མི་རིགས་ཀྱིས་འཐུང་བ་རེད།[1] (Hart & Ksir, 2013, p 186)

རྒྱ་གར་ལ་ཆང་རག་དར་བའི་ལོ་རྒྱུས་ཐོག་མ་སྤྱི་ལོ་མ་བྱུང་སྔོན་གྱི་ལོ་སུམ་སྟོང་ནས་གཉིས་སྟོང་ (3000-2000 BC) ཙམ་དུ་ངོས་འཛིན་བྱེད་མཁན་འདུག[2] ཀྲུང་གོའི་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་དྲ་རྒྱར་བཀོད་པའི་གནས་ཚུལ་ལྟར་ན། རྒྱ་ནག་ནང་ཆང་རག་དར་ནས་ལོ་ངོ་སྟོང་ཕྲག་བཞི་ལྷག་ཕྱིན་ཡོད་ཟེར[3]། འོན་ཀྱང་། རྒྱ་མི་རིགས་ཀྱིས་ཐོན་བསྐྱེད་བྱེད་འགོ་ཚུགས་པའི་རྒྱ་ནག་གི་ཆང་རག་མཱོ་ཐེ་(moutai茅台) ཟེར་བ་འདིའི་ཐོག་མའི་ལོ་རྒྱུས་སྤྱི་ལོ་མ་བྱུང་སྔོན་གྱི་ལོ་བརྒྱ་དང་སོ་ལྔ་ (135 BC) ཙམ་ལ་ཡིན་པས། མི་སྔའི་བར་ལོ་ངོ་ཉིས་སྟོང་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་ཟེར་མཁན་ཡང་ཡོད།[4] (zhang)

ཆང་རག་ཇི་ལྟར་བཟོས་པ་ཡིན་ནམ།

ཕབས་སྦྱོར།

ཆང་རག་ཀུན་གྱི་གཞི་རྩའི་རྣམ་པ་ཕབས་སྦྱོར་ (fermentation 发酵) ལ་བརྟེན་ནས་གྲུབ་པ་ཡིན། ཕབས་རྩི་(yeast 酵母)[5] རིགས་ཁ་ཤས་ཆུའི་རམས་འདེགས་ལ་བསྟེན་ནས་མངར་ཆའི་རྫས་ལ་འགྱུར་བ་གཏོང་ཐུབ་ལ། རྫས་འགྱུར་གྱི་བརྒྱུད་རིམ་འདིར་ང་ཚོས་ཕབས་སྦྱོར་ཟེར་བ་རེད། ཕབས་རྩིའམ་སྐྱུར་རྫས་ཀྱིས་མངར་ཆའི་ནང་གི་ནག་རྫས་(carbon) དང་། ཡང་རླུང་ (hydrogen)། འཚོ་འཛིན་རླུང་(Oxygen) བཅས་ཕྱོགས་གཅིག་ཏུ་སྡེབ་ནས་ཨེ་ཐྱིལ་ཆང་རག་ (ethyl alcohol) དང་། ནག་རླངས་ཉིས་འགྱུར་(carbon dioxide) ལ་བསྒྱུར་བ་རེད། རྫས་འགྱུར་གྱི་རྣམ་པར་འགྲེལ་བཤད་རྒྱག་ན། C2G12O6 (མངར་ཆ་) དེ་བཞིན་ C2H5OH (ཨེ་ཐྱིལ་ཆང་རག་) དང་ CO2 (ནག་རླངས་གཉིས་འགྱུར་) ལ་བསྒྱུར་བ་རེད།

ཆང་རག་ནི་ཕྲ་ཕུང་གཅིག་ལས་གྲུབ་པའི་སྐྱེ་ལྡན་ཕབས་རྩིའམ་སྐྱུར་རྫས་ཟེར་བ་དེས་ཤིང་ཏོག་དང་། ནས། འབྲུ། འབྲས་སོགས་སུ་རང་བྱུང་དུ་ཡོད་པའམ་ཆེད་དུ་བསྒྱུར་བའི་མངར་ཆ་རྣམས་ཟས་པའི་ལྷག་འཕྲོ་སྟེ། ཨེ་ཐྱིལ་ཆང་རག་དང་ནག་རླངས་ཉིས་འགྱུར་ཡིན།

རྒུན་འབྲུམ་ཚུད་པའི་ཤིང་ཏོག་ཕལ་ཆེ་བའི་ནང་དུ་མངར་ཆ་ཡོད། ཕབས་རྩི་(སྐྱུར་རྫས་)རྣམས་རང་བྱུང་གིས་ང་ཚོའི་རླུང་ཁམས་ནང་ལྡིང་ནས་ཡོད་པས།[6] (Chorniak 2005) ནམ་ཞིག་ཤིང་ཏོག་སྨིན་ཐག་ཆོད་ནས་སར་ལྷུང་སྟེ་གས་ཆག་བྱུང་ཚེ། རླུང་ཁམས་ནང་གི་ཕབས་རྩི་རྣམས་དེ་མ་ཐག་ཤིང་ཏོག་དག་གི་ནང་དུ་འཛུལ་ནས་མངར་ཆའི་སྟེང་ཞུགས་པ་རེད། སྐབས་འདིར་ཆུ་དང་འཕྲད་ཚེ་ང་ཚོས་རང་བྱུང་ཁམས་ནང་རང་བྱུང་གིས་མངོན་པའི་ཕབས་སྦྱོར་མཐོང་ཐུབ་པ་ཡིན། ཁྱིམ་དུ་ཆང་སྙོལ་བའི་སྐབས་ཀྱང་གོ་རིམ་འདི་བརྒྱུད་དགོས་པ་ཡིན།

འབྲས་དང་། གྲོ། ནས། མ་རྨོས་ལོ་ཏོག་སོགས་སུ་ཚི་སྣ་ལས་མངར་ཆ་མེད། ཚི་སྣ་མངར་ཆའི་ངོ་བོར་བསྒྱུར་བ་ལ་འབྲུ་རིགས་དེ་དག་ཆུ་ལ་སྦང་ནས་གླུམ་བཟོ་དགོས། ཆུ་ལ་སྦང་ནས་བཞག་ན་འབྲུ་རིགས་དེ་དག་ཏུ་སྨིན་རྫས་གྲུབ་ཐུབ་པ་དང་། སྨིན་རྫས་གྲུབ་ཟིན་པའི་འབྲུ་རིགས་ལ་ང་ཚོས་སྦང་གླུམ་(malt)དུ་འབོད་པ་རེད། ཕྱིས་སུ་སྦང་གླུམ་གཅུར་ནས་ཆུ་ལ་སྦང་བ་ཡིན་ན། སྨིན་རྫས་ཀྱིས་ཚི་སྣ་རྣམས་མངར་ཆའི་ངོ་བོར་བསྒྱུར་བ་དང་། སྐབས་དེར་རང་བྱུང་གི་ཕབས་རྩིའམ་སྐྱུར་རྫས་ཞུགས་ནས་ཕབས་སྦྱོར་གྱི་བརྒྱུད་རིམ་འགོ་རྩོམ་པ་རེད།

ཕབས་རྩིའམ་སྐྱུར་རྫས་ནི་ཕྲ་ཕུང་གཅིག་ལས་གྲུབ་པའི་སྐྱེ་ལྡན་ཞིག་ཡིན། དེས་ཟས་རིགས་ནང་གི་མངར་ཆ་ཟས་པའི་ལྷག་འཕྲོ་ནི་ང་ཚོས་འཐུང་བཞིན་པའི་ཆང་རག་འདི་ཡིན། དེ་ལྟ་ནའང་། ཕབས་རྩི་རྣམས་ཆང་རག་ཐུབ་མཁན་ཞིག་མིན་པས། ཕབས་སྦྱོར་བྱེད་པའི་སྐབས་སུ་ཆུའི་ནང་ཨ་རག་འདུས་ཚད་གཤེར་ཁུ་སྤྱིའི་བརྒྱ་ཆ་བཅུ་གཉིས་ནས་བཅོ་ལྔ་བརྒལ་ཚེ། ཆང་རག་གིས་ཕབས་རྩི་གསོད་བཞིན་ཡོད།

འདིར་གོ་བདེ་བའི་དཔེར་མཚོན་སྟབས་བདེ་ཞིག་གཞག་ན། མི་ཞིག་ཀུ་ཤུ་སྟོང་ཕྲག་ཁྲི་ཕྲག་མང་པོ་ཡོད་པའི་ཁང་ཆུང་ཞིག་ཏུ་འཛུལ་ནས་བསྟུད་མར་ཀུ་ཤུ་སྟོང་ཕྲག་མང་པོ་ཟོས་པ་དང་དུས་མཉམ་དུ། གཅིན་པ་ཡང་དེ་ག་རང་དུ་བསྟུད་མར་གཏོང་བ་ལྟ་བུ་རེད། ཀུ་ཤུ་ཟ་ཞོར་དང་གཅིན་པ་གཏོང་ཞོར་བྱས་འབྲས་སུ། ཀུ་ཤུ་ལྷག་མ་དང་། ཟ་མཁན་རང་ཉིད་དང་བཅས་པ་གཅིན་པའི་ནང་ནུབ་ནས་དབུགས་གཏོང་ལེན་བྱེད་མ་ཐུབ་པར་རང་གི་གཅིན་འཁྱིལ་ནང་ཤི་བ་ལྟ་བུ་རེད།

རླངས་བཙགས།

ཆང་རག་གི་འདུས་ཚད་བརྒྱ་ཆ་བཅོ་ལྔ་ལས་ཇེ་མཐོར་གཏོང་དགོས་ན་རླངས་བཙགས་བྱེད་དགོས་པ་རེད། རླངས་བཙག་ནི་ཆུ་ལས་ཆང་རག་ཟུར་འདོན་བྱེད་པའི་བརྒྱུད་རིམ་ཞིག་རེད།

གོང་གི་ཕབས་སྦྱོར་གྱི་བརྒྱུད་རིམ་ལས་བྱུང་བའི་ཆང་རག་འདི་ཆུ་དང་མཉམ་དུ་འདྲེས་ནས་ཡོད། ཆང་རག་དང་ཆུ་གཉིས་ལས་ཆང་རག་འཁོལ་སླ་བ་ཡིན་པས། ཆང་རག་འདྲེས་ཡོད་པའི་ཆུ་དེ་བསྐོལ་ནས་རླངས་པ་འཕྱུར་དུས། རླངས་པའི་ནང་གི་མང་ཤོས་ཆང་རག་ཡིན། རླངས་པ་དེ་ངོས་འཇམ་པའི་དངོས་པོ་གྲང་མོ་ཤེལ་ལྟ་བུ་ཞིག་ཏུ་ཕོག་ཚེ་བསིལ་བའམ་ཆུའི་ངོ་བོར་ཕྱིར་འགྱུར་བ་དང་། བསིལ་བ་ཆགས་རིམ་ཇེ་མང་དུ་སོང་རིམ་བཞིན་སྣོད་གཞན་ཞིག་ཏུ་ཟག་པར་བྱས་ནས་གསོག་པ་རེད། རླངས་བཙགས་བྱས་པའི་གཤེར་ཁུ་འདིར་རླངས་བཙགས་མ་བྱས་པའི་གཤེར་ཁུ་དང་བསྡུར་ན་ཆང་རག་འདུས་ཚད་ལྡབ་མང་པོས་མཐོ་བ་ཡོད།

རླངས་བཙགས་ཀྱི་རིགས་ལམ་འདི་དུས་ནམ་ཞིག་ལ་མི་རིགས་གང་གིས་གསང་བརྟོལ་བྱུང་མིན་ཐད་མཁས་པ་ཚོ་ཁ་གཅིག་གྲགས་མིན། དྲ་ཐོག་ན་མི་རིགས་སོ་སོ་དང་། ས་གནས་སོ་སོས་རང་ཉིད་ཀྱི་དེ་སྔ་ཤོས་དང་ཐོག་མར་སྒྲོག་མཁན་མང་ཡང་། དེ་དག་ཚང་མར་ལྷ་སྒྲུང་ལྟ་བུའི་བཤད་རྒྱུན་གྱི་རྒྱབ་བརྟེན་ཞིག་ལས་ཁུངས་འཕེར་བ་ཅང་མེད་པ་འདྲ། <<སྨན་རྫས་དང་། སྤྱི་ཚོགས། འགྲོ་བ་མིའི་གཤིས་སྤྱོད་>> ཅེས་པའི་ཨ་རིའི་སློབ་ཆེན་ཁག་ཏུ་སྤྱི་ཚོགས་དང་འཕྲོད་བསྟེན་ཚན་རིག་གི་སློབ་དེབ་ཏུ་བཀོལ་བཞིན་པའི་དེབ་དེར་འཁོད་པ་ལྟར་ན། རླངས་བཙགས་ཀྱི་རིགས་ལམ་འདི་ཐོག་མར་“སྤྱི་ལོ་800 གཡས་གཡོན་དུ་ཨེ་རབ་ཡུལ་དུ་བྱུང་བར་འདོད་”པ་དང་། དེང་སྐབས་ཡོངས་གྲགས་སུ་ཆང་རག་ལ་ “Alcohol ཟེར་བའི་ཚིག་འདི་ཡང་ཨེ་རབ་སྐད་ལས་བྱུང་། དོན་ལ་ “རྣམ་པ་ལེགས་པར་འབྱེད་པའི་བླའམ་ཉིང་ཁུ་” ལ་གོ་བ་རེད་”ཟེར།

ཡུ་རོབ་ལ་མཚོན་ན། རླངས་བཙགས་བྱས་པའི་ཆང་རག་ནི་སྤྱི་ལོ་དུས་རབས་བཅུ་པ་ཙམ་ལ་གཞི་ནས་བྱུང་བ་དང་། རིགས་ལམ་དེ་རིམ་བཞིན་ནུབ་ཕྱོགས་སུ་ཁྱབ་པ་རེད།

ཐོག་མའི་མིང་གི་གོ་དོན་ལྟར། དུས་དེ་ཙམ་ནས་བཟུང་ཆང་རག་འདི་ལྷ་ཡི་དངོས་གྲུབ་བམ། བདུད་བརྩི། སྨན་ཆུ་སོགས་སུ་ངོས་འཛིན་བྱས་པ་བྱུང་ཞིང་། སྐབས་ཤིག་ནས་བཟུང་བཟི་སྨན་གྱི་ཚབ་ཏུའང་བཀོལ་མྱོང་ཡོད། ཆང་རག་ལྷ་ཡི་དངོས་གྲུབ་ཏུ་འདོད་པ་དང་། མཆོད་རྫས་སུ་བསྟེན་པའི་ལུགས་འདི་དག་ཨ་རབ་ཁ་ཆེ་ནས་དར་བ་མིན་ནམ་སྙམ།

 

སྤྱི་ལོ་༢༠༡༧ ལོའི་ཟླ་༢ ཚེས་༢༠ ཉིན་ཐོག་མར་སྤེལ།  ཟླ་༢་ཚེས་༢༡ ཉིན་བསྐྱར་ཞིབ་བྱས།

(མུ་འགོད།)

ང་ཚོའི་རྩོམ་ཡིག་བརྐུ་འཁྱེར་མ་གནང་རོགས། གཞན་ལ་བརྒྱུད་འགོད་བྱེད་འདོད་ན་ངེད་ཀྱི་དྲ་ཚིགས་ངོ་སྤྲོད་གནང་རོགས། རྩོམ་ཡིག་ཁ་ཤས་ལ་སྐབས་སྐབས་སུ་ནོར་བཅོས་དང་། གསར་སྤེལ་བྱེད་བཞིན་ཡོད།

[1] Hart, C. L., & Ksir, C. (2012). Drugs, society, and human behavior (15th ed.). New York, NY: McGraw-Hill Humanities/Social Sciences/Languages.

[2] Zhang, J. (n.d.). Alcohol Advertising in China. Retrieved from http://apapaonline.org/APAPAnetwork/Meeting_Reports/files/Auckland_Sept04/Alcohol_Marketing_China.pdf

[3] Chinese Alcohol, Chinese Spirits. (n.d.). Retrieved February 18, 2017, from http://www.chinadaily.com.cn/life/2010-10/27/content_11692216.htm

[4] Zhang, J. (n.d.). Alcohol Advertising in China. Retrieved from http://apapaonline.org/APAPAnetwork/Meeting_Reports/files/Auckland_Sept04/Alcohol_Marketing_China.pdf

[5] Yeast ཕབས་རྩི་སམ་སྐྱུར་རྫས་ནི་ཕྲ་ཕུང་གཅིག་ལས་གྲུབ་པའི་སྐྱེ་ལྡན་ཞིག་ཡིན་ལ། སྐྱེ་ལྡན་རང་ངོས་ནས་ཐེའུ་འམ་ཡལ་ག་བསྐྱེད་པའི་སྒོ་ནས་ རང་གི་རིགས་རྒྱུད་ཕྱི་མ་བསྐྱེད་སྤེལ་གཏོང་ཐུབ་མཁན་ཞིག་ཡིན། གོ་རེ་དང་། བག་ལེབ་སོགས་བཟོ་དུས་སྤྱོད་སྒོ་ཆེ་བ་མ་ཟད། ཆང་རག་སོགས་ཕབས་སྦྱོར་བྱེད་དུས་ཀྱང་བཀོལ་སྤྱོད་བྱེད་པ་ཡིན།

[6] Chorniak, J. (n.d.). Wild Yeast: The Pros and Cons of Spontaneous Fermentation – WineMaker Magazine. Retrieved February 18, 2017, from https://winemakermag.com/758-wild-yeast-the-pros-and-cons-of-spontaneous-fermentation

[7] A member of a group of English Protestants of the late 16th and 17th centuries who regarded the Reformation of the Church of England under Elizabeth as incomplete and sought to simplify and regulate forms of worship.

Leave a Reply

Your email address will not be published. Required fields are marked *