“ཚད་བརྒལ་དང་རྒྱུན་ལྡན་མ་ཡིན་པའི་”གནམ་གཤིས་འགྱུར་ལྡོག་མུ་མཐུད་འབྱུང་རྒྱུ་རེད།

སྤྱི་ལོ་༢༠༡༦ ལོར་གོ་ལའི་གནམ་གཤིས་འགྱུར་ལྡོག་བྱུང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་ཡོད་ལ། ༢༠༡༧ ལོའི་ནང་འགྱུར་ལྡོག་དེ་མཐུད་ནས་ཁ་ཕྱོགས་དེར་འགྲོ་རྒྱུ་རེད་ཟེར། འཛམ་གླིང་གནམ་གཤིས་བརྟག་དཔྱད་ཁང་(WMO) གིས་བཏོན་པའི་གོ་ལ་ཞིབ་དཔྱོད་ཀྱི་གྲུབ་དོན་ལྟར་ན། གོ་ལའི་རླུང་ཁམས་དང་། མཚོ་དང་རྒྱ་མཚོ། གོ་ལའི་ལྷོ་སྣེ་དང་བྱང་སྣེའི་ཉེ་འཁོར་སོགས་མདོར་ན་གོ་ལའི་ཁྱོན་གྱི་གནམ་གཤིས་འགྱུར་ལྡོག་འབྱུང་ཚད་ཉེན་འཚབ་ཆེ་བའི་ཚད་དུ་སླེབས་བཞིན་ཡོད།

གྲུབ་དོན་དེས་བསྟན་པ་ལྟར་ན། སྤྱི་ལོ་༢༠༡༦ ནི་ཚ་དྲོད་ཆེས་ཆེ་བའི་ལོ་ཙམ་མ་རེད། ལོ་དེར་ང་ཚོས་རླུང་ཁམས་ནང་གི་ནག་རླངས་ཉིས་འགྱུར་(CO2) གནས་བབ་གསར་པ་ཞིག་འཕེལ་ཡོད་པ་མ་ཟད། དགུན་དུས་ཀྱི་ཨར་ཁི་ཋི་ཀི་མཚོ་ངོགས་སུ་འཁྱགས་རོམ་ཆགས་ཚད་ཆེས་དམའ་བའི་གནས་ཚུལ་ཡང་ཐོན་ཡོད།

“ཚད་བརྒལ་དང་རྒྱུན་ལྡན་མ་ཡིན་པའི་”གནས་བབ་དེ་སྤྱི་ལོ་༢༠༡༧ ལོའི་ནང་མུ་མཐུད་ཡོད། གནས་བབ་འདིའི་གནས་ཚུལ་ཆ་ཚང་ཞིག་དབྱིན་ཡུལ་གྱི་ Met Office དང་། Nasa, NOAA སོགས་ཚུད་པའི་ཚན་རིག་གི་ཚོགས་སྡེ་ཆེ་ཁག་གིས་ད་ལོའི་ལོ་འགོར་བཏོན་ཡོད་ཅིང་། དེ་དག་གིས་སྤྱི་ལོ་༢༠༡༦ ནི་ལོ་རྒྱུས་ཐོག་གི་དྲོད་ཚད་ཆེས་མཐོ་བའི་ལོ་རུ་ངོས་འཛིན་བྱས་ཡོད།

འཛམ་གླིང་གནམ་གཤིས་བརྟག་དཔྱད་ཁང་གི་༢༠༡༦ ལོའི་གོ་ལའི་གནམ་གཤིས་གནས་བབ་འདི་ཉིད་རྒྱལ་ཁབ་བརྒྱད་ཅུའི་རྒྱལ་ཡོངས་གནམ་གཤིས་བརྟག་དཔྱད་ཁང་གི་ཞིབ་འཇུག་གྲུབ་དོན་ལ་གཞི་བཅོལ་ནས་༢༠༡༦ ལོའི་ལོ་འཁོར་གནམ་གཤིས་གནས་བབ་ཚང་ལ་མ་ནོར་བ་ཞིག་ཡོང་ཐབས་བྱས་ཡོད།

སྤྱི་ལོ་༡༩༦༡ ནས་ ༡༩༩༠ བར་གྱི་གནམ་གཤིས་གནས་བབ་དང་བསྡུར་ན། ༢༠༡༦ ལོར་ཆ་སྙོམས་ཀྱིས་དྲོད་ཚད་ཀླད་ཀོར་ཚེག་བརྒྱད་གསུམ་(0.83 C) ཙམ་འཕར་ཡོད། བཟོ་ལས་ཐོན་བསྐྱེད་དར་བའི་ཡར་སྔོན་དང་བསྡུར་ན་དྲོད་ཚད་གཅིག་ཚེག་གཅིག་(1.1C)འཕར་ཡོད། སྤྱི་ལོ་༢༠༡༥ དང་བསྡུར་ན་དྲོད་ཚད་ཀླད་ཀོར་ཚེག་ཀླད་ཀོར་དྲུག་ (0.06 C) ཙམ་འཕར་ཡོད།

འཛམ་གླིང་གནམ་གཤིས་བརྟག་དཔྱད་ཁང་གི་སྤྱི་ཁྱབ་དྲུང་ཆེ་ཕིས་ཁྲེ་རིས་(Petteri Taalas) ཡིས་བཤད་པ་ལྟར་ན། “གོ་ལའི་དྲོད་ཚད་འཕར་གནད་དོན་འདི་གནམ་དུས་ཀྱི་འགྱུར་ལྡོག་གཞན་དག་འབྱུང་བཞིན་པ་དང་ཐད་ཀར་ཐོད་གཏུགས་བསྡད་ཡོད་”ཟེར། སྤྱིའི་ཆ་ནས་གོ་ལ་ཁྱོན་ཡོངས་ཀྱི་དྲོད་ཚད་འཕར་ཡོད་ཀྱང་། ས་གནས་སོ་སོའི་དྲོད་ཚད་འཕར་བའི་ཚད་གཞི་གཅིག་མཚུངས་མ་རེད་ཟེར།

བཟོ་གྲྭ་དང་། རླངས་འཁོར་སོགས་འགྲིམ་འགྲུམ་ཇེ་མང་དུ་སོང་བ་བཅས་ཀྱིས་རླུང་ཁམས་ནང་གི་ནག་རླངས་ཉིས་འགྱུར་འདུས་ཚད་ཇེ་མཐོར་སོང་ཡོད་པ་མ་ཟད། ནགས་ཚལ་ཇེ་ཉུང་དུ་སོང་བ་ལ་བརྟེན་ནས་རླུང་ཁམས་ནང་གི་ནག་རླངས་ཉིས་འགྱུར་རྔུབ་འཐེན་བྱེད་ཚད་ཇེ་དམའ་རུ་སོང་ཡོད།

གནམ་གཤིས་འགྱུར་ལྡོག་འདིས་ལོ་རེའི་ཆར་བ་འབབ་ཚད་དང་། ལོ་ཏོག་དང་། རྩྭ་དང་རྩི་ཤིང་སྐྱེ་ཚད། རྩྭ་ཐང་དང་ནགས་ཚལ་གྱི་གནས་བབ་བཅས་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཁྱེད་ཀྱིས་རང་གི་གནས་ཡུལ་གྱི་དུས་བཞིའི་འགྱུར་ལྡོག་དང་། ཁོར་ཡུག་གི་འགྱུར་ལྡོག་བཅས་ལ་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་མཐོང་མྱོང་ངམ། གནས་བབ་འདི་དག་གིས་འཛམ་གླིང་གི་ཡང་རྩེར་གྲགས་པའི་ང་ཚོའི་ཕ་ཡུལ་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་བཞིན་ཡོད་དམ།

 

གསར་འགྱུར་འདི་དབྱིན་ཇིའི་གསར་འགྱུར་བྷིས་བྷིས་སིས་ལ་གཞི་བཅོལ་ནས་སྤེལ་བ་ཡིན།

http://www.bbc.com/news/science-environment-39329304

Leave a Reply

Your email address will not be published. Required fields are marked *