མི་བཅུའི་ནང་གི་གཅིག་གི་འཆི་རྐྱེན་ཐ་མག་རེད།

ཞིབ་འཇུག་གྲུབ་དོན་གསར་པ་ཞིག་གིས་བསྟན་པ་ལྟར་ན། རྒྱལ་སྤྱིའི་ཁྱོན་གྱི་མི་བཅུའི་ནང་གི་གཅིག་གི་འཆི་རྐྱེན་ཐ་མག་དང་ཐད་ཀར་འབྲེལ་ཡོད་ཟེར། དེ་དག་ལས་བརྒྱ་ཆ་ལྔ་བཅུ་ནི་ཀྲུང་གོ་དང་། རྒྱ་གར། ཨ་རི། ར་ཤི་ཡ་བཅས་རྒྱལ་ཁབ་བཞིའི་ནང་ཡོད།ཞིབ་འཇུག་གྲུབ་དོན་དེས་བཤད་པ་ལྟར་ན། ལོ་ངོ་བཅུ་ཕྲག་འགའི་རིང་ཐ་མག་སྟངས་འཛིན་ཐད་སྲིད་ཇུས་བཟུང་མིན་ལ་མ་ལྟོས་པར། མི་འབོར་འཕེལ་བ་དང་དུས་མཉམ་དུ་ཐ་མག་འཐེན་མཁན་ཡང་ཇེ་མང་དུ་སོང་ཡོད།

ཐ་མག་ཐོན་བསྐྱེད་བྱེད་མཁན་ཚོས་གཞོན་སྐྱེས་ཚོ་དང་། དམིགས་བསལ་གྱིས་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཏུ་ན་གཞོན་ཚོར་དམིགས་ནས་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད། དེང་སྐབས་དྲ་རྒྱའི་ཁྱབ་ཚད་ཆེ་བ་དང་། དྲ་རྒྱར་འཇུག་པར་ཁ་པར་ཙམ་གྱིས་ཆོག་པ་ཡིན་པས། དྲིལ་བསྒྲགས་དེ་དག་གིས་གཞོན་སྐྱེས་ཚོར་ཤུགས་རྐྱེན་ཐེབས་ཚད་ཧ་ཅང་མཐོ་བོ་ཡོད་པས། ཞིབ་འཇུག་ཚན་ཁག་དེས་”མ་འོངས་པར་ཐ་མག་དང་འབྲེལ་བའི་འཆི་རྐྱེན་ཇེ་མཐོར་འགྲོ་སྲིད་པ་རེད་”ཟེར། ཞིབ་འཇུག་གྲུབ་དོན་འདི་ The Lancet ཞེས་པའི་གསོ་རིག་དུས་དེབ་ཏུ་བཀོད་ཡོད།
ཞིབ་འཇུག་གྲུབ་དོན་འདིའི་རྩོམ་པ་པོ་གཙོ་བོ་སྨན་པ་སྒ་ཁིས་ཌོ་(Dr. Emmanuela Gakidou) ལགས་ཀྱིས་འགྲེལ་བརྗོད་བྱས་པ་ལྟར་ན། “དུས་རབས་ཕྱེད་ལྷག་རིང་གི་ཡིད་གཉིས་ཐེ་ཚོམ་བྱེད་མི་དགོས་བདེན་དཔང་སྟེ། ཐ་མག་གིས་མིའི་ལུས་པོར་ཐེབས་པའི་ཤུགས་རྐྱེན་འདི་ཤེས་མིན་ལ་མ་ལྟོས་པར། དེང་གི་དུས་འདིར་རྒྱལ་སྤྱིའི་ཁྱོན་གྱི་སྐྱེས་པ་བཞི་རེའི་ནང་གི་གཅིག་ཐ་མག་རྒྱུན་འཐེན་བྱེད་མཁན་རེད་” ཟེར། “ཐ་མག་ནི་རྒྱལ་སྤྱིའི་ཐོག་གི་དུས་མིན་འཆི་བ་དང་དབང་སྐྱོན་བསྐྱེད་པའི་གེགས་རྐྱེན་ཨང་གཉིས་པ་དེར་གནས་ཡོད་པས། དེས་ཤུགས་རྐྱེན་ཉུང་འཕྲི་བྱེད་དགོས་ན་ང་ཚོས་ཐ་མག་སྟངས་འཛིན་དང་འབྲེལ་བའི་སྲིད་ཇུས་ཇེ་དམ་དུ་གཏོང་དགོས།”

རྒྱལ་སྤྱིའི་ནད་རིགས་དཀའ་ངལ་སྙན་ཐོ་ཟེར་བ་ནི་རྒྱལ་སྤྱིའི་ཁྱོན་གྱི་རྒྱལ་ཁབ་དང་ས་གནས་བརྒྱ་དང་དགུ་བཅུ་གོ་ལྔ་ནས་ཐ་མག་འཐེན་པའི་གོམས་གཤིས་ལ་གཞི་བཅོལ་ནས་སྤྱི་ལོ་1990-2015 བར་བསྡུས་པའི་སྙན་ཐོ་ཞིག་ཡིན། སྙན་ཐོ་དེས་སྙེད་པའི་གྲུབ་དོན་ལྟར་ན། སྤྱི་ལོ་2015 ལོར་རྒྱལ་སྤྱིའི་ཁྱོན་གྱི་སྐྱེས་པ་བཞི་རེའི་ནང་གི་གཅིག་གིས་ཐ་མག་འཐེན་ཡོད་ན། སྐྱེས་མ་ཉི་ཤུའི་ནང་གི་གཅིག་རེས་ཐ་མག་འཐེན་ཡོད།

ཐ་མག་ནང་ནིས་ཁོ་ཊིན་(nicotine)ཟེར་བའི་རྫས་ཤིག་ཡོད་པ་དེར་ང་ཚོ་ངན་ལོབས་སུ་འགྲོ་བཞིན་ཡོད་པས། དུས་ཡུན་ངེས་ཅན་རེའི་ནང་ཐ་མག་ཡང་ནས་བསྐྱར་དུ་འཐེན་དགོས་པ་ཆགས་བཞིན་ཡོད། འོན་ཀྱང་། ཐ་མག་རྐང་གཅིག་རེའི་ནང་ཡོད་པ་ནིས་ཁི་ཊིན་ཁོ་ན་མ་ཡིན་པར། དེ་དང་མཉམ་དུ་རྫས་རིགས་བརྒྱད་སྟོང་ཙམ་ཡོད་པ་ལས། རྫས་རིགས་ཉིས་བརྒྱ་ལྷག་ནི་ཐད་ཀར་མིའི་དོན་ལྔ་སྣོད་དྲུག་ལ་ངན་སྐྲན་བསྐྱེད་པའི་རྫས་རིགས་ཡིན།

ཐ་མག་འཐེན་དུས་འཐེན་མཁན་རང་ཉིད་ལ་གནོད་པ་མ་ཟད། གཡས་གཡོན་གྱི་མི་ཚང་མར་གནོད་པ་མ་ཟད། དེས་ང་ཚོའི་རླུང་ཁམས་དང་། ས་གཞི། ཆུ་དང་གཙང་པོ་ཚུན་ཆད་ལ་གནོད་པ་ཐེབས་བཞིན་ཡོད།

ཁང་ཁྱིམ་ནང་ཐ་མག་འཐེན་པ་ཡིན་ན། དེས་ཁྱིམ་དེར་ཡོད་པའི་མི་ཐམས་ཅད་དང་། དམིགས་བསལ་གྱིས་ལོ་ལོན་དང་བྱིས་པར་གནོད་པ་ཐེབས་ཚད་ཧ་ཅང་མཐོ་བས། ཨ་རི་སོགས་རྒྱལ་ཁབ་མང་པོར་ཁང་ཁྱིམ་ནང་ཐ་མག་འཐེན་ན་ཁྲིམས་འགལ་ཡིན།

ཐ་མག་སྐོར་ཞིབ་ཚགས་ཤེས་འདོད་ན་འདིར་གནོན་ནས་ངེད་བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བའི་གློག་དེབ་ལ་བལྟ་ཀློག་དང་། གཞན་ལ་བརྒྱུད་བསྐུར་སོགས་གནང་ཆོག

གསར་འགྱུར་ཁུངས་བཅོལ་ས།
http://www.bbc.com/news/health-39510728

Leave a Reply

Your email address will not be published. Required fields are marked *