ཟླ་མཚན་འབབ་དུས་མངལ་ཆགས་སམ།

གཉེན་སྒྲིག་བྱས་ཟིན་པའི་བཟའ་ཚང་མང་པོ་ཞིག་གིས་མངལ་མི་ཆགས་པའི་ཆེད་དུ་མངལ་འགོག་སྨན་བསྟེན་པའམ། ཡང་ན་མངལ་སྒོ་སྡོམ་པ་སོགས་ཀྱི་ཐབས་ལམ་བསྟེན་བཞིན་ཡོད། བྱེད་ཐབས་དེ་གཉིས་ལས་གང་ཞིག་བཀོལ་རུང་། དེ་གཉིས་ཀར་ཞོར་སྐྱོན་ཡོད་པ་མ་ཟད། ཞོར་སྐྱོན་དེ་དག་ལ་བསྟེན་ནས་སྐྱེས་མ་མང་པོ་ཡུན་རིང་ནད་ཀྱིས་མནར་བ་དང་། མོ་ནད་གཞན་གྱི་ངོ་བོར་འགྱུར་ནས་སྲོག་ཤོར་བའི་གནས་ཚུལ་ཡང་ཡོང་བཞིན་ཡོད། དེ་བས། རྩོམ་ཡིག་འདིར་ང་ཚོས་མངལ་སྦྲུམ་འདོད་མཁན་དང་། ཡང་ན་དེ་ལས་ལྡོག་པའི་མངལ་སྦྲུམ་མི་འདོད་མཁན་གཉིས་ཀར་ཕན་པའི་ཚན་རིག་ཞིབ་འཇུག་གི་གྲུབ་དོན་འགའ་ངོ་སྤྲོད་བྱེད། གལ་སྲིད་ཁྱེད་ཀྱིས་འདིའི་སྔོན་གྱི་རྩོམ་ཡིག་<<ཟླ་མཚན་ནི་ཅི་ཞིག་ཡིན་ནམ་>>ཞེས་པ་དེ་བཀླགས་མེད་ཚེ་རྩོམ་ཡིག་མ་ཀློག་གོང་ལ་དེར་ངེས་པར་ཀློག་རོགས།

ཟླ་མཚན་འབབ་དུས་མངལ་ཆགས་སམ།

ཟླ་མཚན་འབབ་པའི་སྐབས་སུ་ལུས་འབྲེལ་བྱེད་ན་མངལ་ཆགས་སམ་ཞེས་པའི་དྲི་བ་འདི་དང་། དེ་མཚུངས་སུ། ཟླ་མཚན་ཆད་མ་ཐག་ལུས་འབྲེལ་བྱེད་ན་མངལ་ཆགས་སམ། ཡང་ན། ཟླ་མཚན་མ་འབབ་པའི་སྔ་རོལ་ཏག་ཏག་དེར་ལུས་འབྲེལ་བྱེད་ན་མངལ་ཆགས་སམ་ཞེས་པའི་དྲི་བ་འདི་དག་ནི་མི་མང་པོས་ཡང་ཡང་དྲིས་མྱོང་བའི་དྲི་བ་ཞིག་རེད། གལ་སྲིད་ཁྱེད་ཀྱིས་དྲི་བ་འདི་འདྲ་དྲིས་མྱོང་ན་དེས་ཁྱེད་རང་འཕྲོད་བསྟེན་དང་བདེ་ཐང་ལ་དོ་སྣང་ཡོད་མཁན་ཞིག་ཡིན་པ་མཚོན་པ་ཡིན་ལ། དྲིས་མ་མྱོང་ན་སྐབས་འདི་ནས་ཁྱེད་ཀྱིས་གནས་ལུགས་འདིར་ཉམས་འཇོག་བྱེད་དགོས། ཁྱེད་རང་སྐྱེས་པ་དང་སྐྱེས་མ་གང་ཞིག་ཡིན་རུང་། སྐྱེས་མའི་བདེ་ཐང་ནི་ཕོ་མོ་གཉིས་ཀའི་བདེ་ཐང་གི་གཞི་རྩ་ཡིན་ལ། སྤྱི་ཚོགས་སྤྱིའི་བདེ་ཐང་དང་ཐད་ཀར་རག་ལས་ཡོད།

ཟླ་མཚན་འབབ་པའི་སྐབས་སུ་ལུས་འབྲེལ་བྱེད་ན་མངལ་ཆགས་སམ་ཞེས་པའི་དྲི་བ་དེའི་དྲིས་ལན་ལ་ང་ཚོས་སྐྱེས་མ་རེ་རེའི་གནས་བབ་སྟེང་ནས་ལན་འདེབས་དགོས།

གལ་སྲིད་ཁྱེད་ཀྱི་ཟླ་མཚན་འཁོར་ལོ་ཉིན་གྲངས་28 ནས་30 བར་ཡིན་ན། ཟླ་མཚན་འབབ་པའི་སྐབས་སུ་ལུས་འབྲེལ་བྱས་ཀྱང་མངལ་ཆགས་མི་སྲིད་པ་ཞིག་རེད། ཅིའི་ཕྱིར་ཞེ་ན། ཁམས་དམར་བརྒྱུད་གཏོང་(ovulation排卵) བྱེད་པ་ལ་ད་དུང་ཉིན་གྲངས་ཁ་ཤས་ཡོད་པས། མངལ་ཆགས་པའི་མཐུན་རྐྱེན་གྲུབ་མེད།

དེ་ལྟ་ནའང་། གལ་སྲིད་ཁྱེད་ཀྱི་ཟླ་མཚན་འཁོར་ལོར་ཉིན་གྲངས་ཉེར་བརྒྱད་ལས་ཉུང་བ་དཔེར་ན་ཉིན་གྲངས་21 ནས་24 ཙམ་ཡིན་ཚེ། ཟླ་མཚན་འབབ་པའི་སྐབས་སུ་ལུས་འབྲེལ་བྱེད་ན་མངལ་ཆགས་སྲིད་པ་རེད། ཟླ་མཚན་འཁོར་ལོ་ཐུང་བའི་རིགས་ཀྱི་ཟླ་མཚན་མ་ཆད་སྔོན་ནས་ཁམས་དམར་ཕྲ་ཕུང་བརྒྱུད་གཏོང་བྱེད་འགོ་རྩོམ་བཞིན་ཡོད་ལ། སྐྱེས་པའི་ཁམས་དཀར་རྣམས་སྐྱེས་མའི་མངལ་ལམ་དུ་ཉིན་གྲངས་གཉིས་སམ་གསུམ་ནས་ལྔའི་བར་གསོན་པོར་སྡོད་ཐུབ་པས། ཁམས་དཀར་དམར་གཉིས་འཕྲད་པའི་གོ་སྐབས་ཡོད་པ་རེད།

ཟླ་མཚན་ཆད་མ་ཐག་པའི་རྗེས་སུ་མངལ་ཆགས་སམ།

ཟླ་མཚན་ཆད་མ་ཐག་ལུས་འབྲེལ་བྱེད་ན་མངལ་ཆགས་ཐུབ། ཟླ་མཚན་ཆད་པའི་རྗེས་སུ་ཁྱེད་ཀྱི་ལུས་པོ་སྦྲུམ་ནུས་ཀྱི་བར་བསྐལ་ (fertility window/ 生育窗) དུ་བསྐྱོད་འགོ་རྩོམ་བཞིན་ཡོད། ཉིན་གྲངས་28 ནས་30 བར་འབྱུང་བཞིན་པའི་རྒྱུན་ལྡན་གྱི་ཟླ་མཚན་འཁོར་ལོར་མཚོན་ན། སྦྲུམ་ནུས་ཀྱི་བར་བསྐལ་ནི་ཉིན་ 11 པ་ནས་ 21 པའི་བར་ཡིན། གོང་དུ་ཞུས་ཟིན་པ་ལྟར། སྐྱེས་པའི་ཁམས་དཀར་རྣམས་སྐྱེས་མའི་མངལ་ལམ་དུ་ཉིན་གྲངས་གཉིས་སམ་གསུམ་ནས་ལྔའི་བར་གསོན་པོར་སྡོད་ཐུབ། གལ་སྲིད་ཁྱེད་ཀྱི་ཟླ་མཚན་ཉིན་གྲངས་ལྔ་ནས་བདུན་བར་གནས་པ་དང་། ཆད་མ་ཐག་པའི་རྗེས་སུ་ལུས་འབྲེལ་བྱེད་པ་ཡིན་ན། ཁྱེད་ཀྱིས་རང་གི་སྦྲུམ་ནུས་བར་བསྐལ་ཏུ་(fertility window/ 生育窗)འབྱོར་བཞིན་པ་ཡིད་ལ་ངེས་དགོས།

གལ་སྲིད་ཁྱེད་ཀྱི་ཟླ་མཚན་ཉིན་དྲུག་རིང་འབབ་པ་དང་། ཉིན་བདུན་པར་སྲུང་ཤུབས་མ་གོན་པར་ལུས་འབྲེལ་བྱས་པ་ཡིན་ན། ཉིན་བཅུ་གཅིག་པར་མ་གཏོགས་ཁམས་དམར་བརྒྱུད་གཏོང་(ovulation排卵) བྱས་མེད་ཀྱང་། སྐྱེས་པའི་ཁམས་དཀར་ཁྱེད་ཀྱི་མངལ་ལམ་དུ་ཉིན་གྲངས་ལྔའི་བར་དུ་གསོན་པོར་སྡོད་ཐུབ་པ་ཡིན་པས། ཉིན་བདུན་པའི་ཁམས་དཀར་ཕྲ་ཕུང་དག་ཁྱེད་ཀྱི་མངལ་སྦུག་ཏུ་ཁམས་དམར་ཕྲ་ཕུང་ལ་སྒུག་ནས་སྡོད་ཡོད་སྲིད་པ་རེད། གལ་སྲིད་ཁྱེད་རང་མངལ་སྦྲུམ་པར་འདོད་མཁན་ཞིག་ཡིན་ན། ཟླ་མཚན་ཆད་རྗེས་ཀྱི་ཉིན་ནས་བཟུང་པའི་ཉིན་གྲངས་བཅུ་བཞིའི་རིང་ཉིན་གཅིག་རེའི་བར་མཚམས་བཞག་ནས་ལུས་འབྲེལ་བྱེད་དགོས།

ཟླ་མཚན་མ་འབབ་པའི་སྔ་རོལ་ཏག་ཏག་དེར་མངལ་ཆགས་སམ།

ཟླ་མཚན་མ་འབབ་པའི་སྔ་རོལ་ཏག་ཏག་སྟེ། དཔེར་ན། དེ་རིང་ཟླ་མཚན་འབབ་འགོ་བརྩམས་པ་དང་། ཁྱེད་ཀྱིས་དེའི་སྔོན་དུ་ལུས་འབྲེལ་བྱས་ཡོད་ན་མངལ་ཆགས་སམ་ཟེར་ན། སྤྱིའི་ཆ་ནས་དུས་སྐབས་དེར་མངལ་ཆགས་རྒྱུའི་གོ་སྐབས་ཧ་ཅང་ཆུང་བ་རེད། ཟླ་མཚན་འཁོར་ལོ་ཉིན་གྲངས་ཉེར་བརྒྱད་ནས་སུམ་བཅུའམ། ཡང་ན་དེ་ལས་རིང་བ་ཡིན་པའི་སྐྱེས་མ་ཟླ་མཚན་རྒྱུན་ལྡན་དུ་འབབ་མཁན་ཞིག་ལ་མཚོན་ན། ཟླ་མཚན་མ་འབབ་པའི་སྔ་རོལ་ཏུ་ལུས་འབྲེལ་བྱས་ཀྱང་མངལ་ཆགས་རྒྱུའི་གོ་སྐབས་ཧ་ལམ་མེད་པ་ལྟ་བུ་ཡིན། རྒྱུ་མཚན་ནི། སྐྱེས་མའི་ཁམས་དམར་ཕྲ་ཕུང་བརྒྱུད་གཏོང་གྲུབ་མཚམས་ནས་དུས་ཡུན་ཆུ་ཚོད་བཅུ་གཉིས་ནས་ཉེར་བཞིའི་རིང་ལ་མ་གཏོགས་གསོན་པོར་སྡོད་མི་ཐུབ། ཁམས་དམར་བརྒྱུད་གཏོང་(ovulation排卵) བྱས་ནས་དུས་ཡུན་ཆུ་ཚོད་༡༢ ནས་༢༤ རིང་ཁམས་དཀར་དང་མ་འཕྲད་ཚེ་ཁམས་དམར་ཕྲ་ཕུང་གསོན་པོར་སྡོད་མི་ཐུབ།

མངལ་སྦྲུམ་མི་འདོད་མཁན་ཞིག་ལ་མཚོན་ན། ཟླ་མཚན་མ་འབབ་པའི་སྔ་རོལ་གྱི་ཉི་མ་རྣམས་ནི་ལུས་འབྲེལ་བྱེད་པའི་དུས་ཚོད་བདེ་འཇགས་ཆེ་ཤོས་(མངལ་མི་སྦྲུམཔའི་དུས་ཚོད་)དེ་ཡིན། ཟླ་མཚན་མ་འབབ་པའི་སྔ་རོལ་གྱི་“བདེ་འཇགས་ཆེ་ཤོས་” ཀྱི་ཉིན་གྲངས་དེ་ཡང་ཟླ་མཚན་འཁོར་ལོར་རག་ལས་ཡོད། གལ་སྲིད་ཁྱེད་ཀྱི་ཟླ་མཚན་འཁོར་ལོ་དེ་ཉིན་གྲངས་སུམ་ཅུ་ལས་རིང་བ་ཡོད་ན་བདེ་འཇགས་ཆེ་ཤོས་ཀྱི་ཉིན་གྲངས་མང་བ་ཡོད་ལ། ཟླ་མཚན་འཁོར་ལོ་དེ་བཞིན་ཉིན་གྲངས་ཉེར་བརྒྱད་ལས་ཐུང་བ་ཡོད་ན་བདེ་འཇགས་ཆེ་ཤོས་ཀྱི་ཉིན་གྲངས་དེ་ཡང་རང་བཞིན་གྱི་ཉུང་བ་ཡོད།

མངལ་སྦྲུམ་འདོད་མཁན་དང་མི་འདོད་མཁན་སུ་ཡིན་རུང་། ཁམས་དམར་བརྒྱུད་གཏོང་(ovulation排卵) གི་དུས་ཚེས་དེ་གསལ་བོར་ཤེས་ན་མངལ་སྦྲུམ་པའམ། ཡང་ན་དེ་ལས་གཡོལ་ཐུབ་པ་སྟེ། ཁམས་དམར་བརྒྱུད་གཏོང་གྲུབ་ནས་དུས་ཡུན་རིང་ན་ཆུ་ཚོད་༤༨ ནང་ཁམས་དཀར་དང་མ་འཕྲད་ཚེ། དེའི་རྗེས་སུ་ཁམས་དམར་ཕྲ་ཕུང་རང་ཞིག་ཏུ་འགྲོ་བ་ཡིན་པས་མངལ་སྦྲུམ་པའི་གཞི་རྩ་མེད་པར་འགྱུར་བ་རེད།

Leave a Reply

Your email address will not be published. Required fields are marked *