མཚན་མའི་གཉན་ཚད།

སྐྱེས་མ་ཚོ་ཁོ་ནར་འབྱུང་བའི་མོ་ནད་ཟེར་བའི་ནད་རིགས་ཤིག་ཡོད་པར་འདོད་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། མོ་མཚན་གྱི་ནད་རིགས་བྱུང་ན་དེ་ནི་སྐྱེས་མ་ཁོ་ནའི་ཞན་ཆའམ་སྐྱོན་དང་། ངོ་ཚ་དགོས་པ་ཞིག་དང་། གཞན་ལ་གསང་བ་བྱེད་དགོས་པའི་ཐ་ཤལ་གྱི་གནས་ཚུལ་ཞིག་ཏུ་འདོད་མཁན་ཡང་རེ་ཟུང་ཡོད། བསམ་ཚུལ་དང་། ཡིད་ཆེས། ལྟ་ཚུལ་སོགས་གང་འདྲ་ཞིག་འཛིན་མིན་ལ་མ་ལྟོས་པར། དོན་དངོས་ལ་དབྱེ་ཞིབ་བྱས་ན་ནད་རིགས་གང་འདྲ་ཞིག་ཡིན་རུང་དེ་ཕོ་མོ་གཉིས་ཀར་ཕོག་སྲིད་པ་ཙམ་དུ་མ་ཟད། མཚན་མའི་གཉན་ཚད་ཁ་ཤས་ཤིག་ཕོ་ནས་མོ་ལ་འགོས་པའི་སྣང་ཚུལ་ཡང་ཡོད། དེ་ཙམ་དུ་མ་ཟད། མཚན་མའམ་གསང་གནས་ཀྱི་ནད་རིགས་མང་པོ་ཞིག་གཙང་སྤྲ་དང་། ཟས་རིགས། ལོ་ཚོད། མངལ་སྦྲུམ་པ་སོགས་གནས་སྟངས་གཞན་མང་པོ་ཞིག་ལ་བརྟེན་ནས་འབྱུང་བ་ལས། མི་ཞིག་གི་ཀུན་སྤྱོད་ལེགས་མིན་གྱི་སྟེང་ནས་དབྱེ་འབྱེད་བྱེད་ཐུབ་པ་ཞིག་གཏན་ནས་མིན། གཤམ་ནས་ང་ཚོས་མོ་མཚན་ལ་གཉན་ཁ་བསྐྱེད་པའི་ནད་རིགས་ཁ་ཤས་དང་། དེ་དག་གི་འབྱུང་རྐྱེན། རང་ངོས་ནས་དོ་སྣང་དང་བདག་གཅེས་བྱེད་ཐབས་བཅས་ཀྱི་སྐོར་ལ་རོབ་ཙམ་བཤད།

མཚན་མའི་གཉན་ཚད་ཟེར་བ་ནི་མཚན་མར་གཉན་ཚད་རྒྱས་ནས་དུས་རྒྱུན་གཤེར་ཁུ་ཐོན་པ་དང་། ཟ་འཁྲུག་ལངས་པ། ན་ཟུག་རྒྱག་པ་སོགས་བསྐྱེད་པའི་མོ་མཚན་གྱི་ནད་གཞི་ཞིག་ཡིན། སྤྱིའི་ཆ་ནས་ནད་གཞི་འདིའི་རྒྱུ་རྐྱེན་ནི་མོ་མཚན་ནང་གི་རྒྱུན་ལྡན་གྱི་འབུ་ཕྲའི་ཆ་མ་སྙོམས་པར་གྱུར་བའམ། ཡང་ན་བཙོག་སྐྱོན་སོགས་ཀྱིས་གཉན་ཁ་རྒྱག་པ་ལ་བརྟེན་ནས་བྱུང་བ་ཡིན། ཟླ་མཚན་ཆད་རྗེས་མོ་གཤིས་སྐུལ་རྫས་(Estrogen 雌激素) འཕྲི་བའམ། པགས་ནད་རིགས་ཁ་ཤས་ཀྱིས་ཀྱང་མཚན་མའི་གཉན་ཚད་བསྐྱེད་པ་ཡིན།

ཆེས་རྒྱུན་མཐོང་གི་མཚན་མའི་གཉན་ཚད་རིགས་ཁ་ཤས།

* དྲི་ངན་མཚན་གཉན་(Bacterial vaginosis/细菌性阴道炎) ནི་མཚན་མའི་ནང་དུ་རྒྱུན་ལྡན་མ་ཡིན་པའི་འབུ་ཕྲ་གཞན་སྐྱེས་པ་ལ་བརྟེན་ནས་སྐྱེ་ལྡན་གཞན་བསྐྱེད་པ་ལས་བྱུང་བའི་མཚན་མའི་གཉན་ཚད་ཅིག་ཡིན།

* སྐྱུར་རྩིའི་གཉན་ཚད་(Yeast infection/ 酵母菌感染) ནི་རང་བྱུང་དུ་ཡོད་པའི་ཧམ་སྤུ་ཁེན་ཌིས་ཌཱ་ཨེལ་བྷིས་ཁེན་(Candida albicans/白色念珠菌 ) ཟེར་བ་ཞིག་ཡོད་པ་དེས་བསྐྱེད་པའི་མཚན་མའི་གཉན་ཚད་ཅིག་ཡིན།

* གྲང་འབུ་གསང་རེག་ཚ་ནད་(Trichomoniasis/ 滴虫病) ནི་གཞན་བརྟེན་སྲིན་འབུས་བསྐྱེད་པའི་མཚན་མའི་གཉན་ཚད་ཅིག་ཡིན་ལ། སྤྱིའི་ཆ་ནས་ལུས་འབྲེལ་བྱེད་པའི་བརྒྱུད་རིམ་ཁྲོད་ནས་འགོས་པའི་འགོས་ནད་ཅིག་ཡིན།

མཚན་མའི་གཉན་ཚད་ཀྱི་དབྱེ་བ་སོ་སོར་བཅོས་ཐབས་མི་འདྲ་བ་ཡོད།

མཚན་མའི་གཉན་ཚད་ཀྱི་རྟགས་དང་མཚན་མ།

མཚན་མའི་གཤེར་ཁུའི་ཁ་དོག་དང་། དྲི་མ། མང་ཉུང་བཅས་ལ་འགྱུར་ལྡོག་བྱུང་བ།

* མཚན་མར་ཟ་འཁྲུག་ལངས་པ་དང་། ཅ་ཟིང་པ།

* ལུས་འབྲེལ་བྱེད་དུས་མཚན་མར་ན་ཟུག་རྒྱག་པ།

* གཅིན་པ་གཏོང་དུས་ན་ཟུག་རྒྱག་པ།

* མཚན་མའི་གཤེར་ཁུའི་ནང་ཁྲག་འདྲེས་པ། སྐྱེས་མ་མང་པོ་ཞིག་ལ་སྣང་ཚུལ་འདི་མེད། མཚན་མའི་གཤེར་ཁུའི་ཁྱད་ཆོས་ཀྱིས་མཚན་མའི་གཉན་ཚད་རིགས་གང་ཡིན་སྟོན་སྲིད། དཔེར་ན།

– དྲི་ངན་མཚན་གཉན་(Bacterial vaginosis/细菌性阴道炎) ཕོག་ཡོད་ན་མཚན་མའི་གཤེར་ཁུའི་ཁ་དོག་ཐལ་སྐྱ་དང་། གཤེར་ཁུ་ལ་དྲི་ངན་བྲོ། དྲི་ངན་དེ་ཡང་ཉའི་དྲི་མ་འདྲ་བོ་ཡོད་སྲིད་ལ། ལུས་འབྲེལ་བྱས་རྗེས་དྲི་ངན་འདི་མངོན་གསལ་དོད་པོར་འགྱུར།

– སྐྱུར་རྩིའི་གཉན་ཚད་(Yeast infection/ 酵母菌感染) ཕོག་ཡོད་ན་ནད་རྟགས་གཙོ་བོ་མཚན་མར་ཟ་འཁྲུག་ལངས་པ་དེ་ཡིན། ནད་རྟགས་གཞན་ལ་ཕྱུར་ར་ཞིབ་མོ་ལྟ་བུའི་མཚན་མའི་གཤེར་ཁུ་སྟུག་པོ་(འབག་ཐོ)་འབབ།

– གྲང་འབུ་གསང་རེག་ཚ་ནད་(Trichomoniasis/ 滴虫病) ནི་ལུས་འབྲེལ་བརྒྱུད་ནས་ཕོ་ནས་མོ་དང་། མོ་ནས་ཕོ་ལ་འགོས་པའི་འགོས་ནད་ཅིག་ཡིན་ལ། ནད་འདི་ཕོགས་ཡོད་ཚེ་མཚན་མ་ལས་ལྗང་སེར་འདྲེས་མའི་གཤེར་ཁུ་འབབ་པ་དང་། མཚམས་རེར་གཤེར་ཁུ་དེ་ཝུ་བ་སོབ་སོབ་ཅན་ཡིན།

གནས་སྟངས་གང་དུ་སྨན་པར་བསྟེན་དགོས་སམ།

མཚན་མར་མི་བདེ་བའི་སྣང་བ་འབྱུང་དུས་སྨན་པར་བསྟེན་དགོས། དམིགས་བསལ་གྱིས་

* མཚན་མར་དམིགས་བསལ་གྱིས་དྲི་ངན་བྲོ་བ་དང་། གཤེར་ཁུ་འབྱིན་པ། ཟ་འཁྲུག་ལངས་པ་སོགས་འབྱུང་དུས་སྨན་པར་བསྟེན་དགོས།

* མཚན་མའི་གཉན་ཚད་གཏན་ནས་ཕོགས་མ་མྱོང་མཁན་ཞིག་ཡིན་ནའང་། སྨན་པར་བསྟེན་ན་མཚན་མའི་གཉན་ཚད་སྐོར་ལ་རྒྱུས་ལོན་དང་། ནད་རྟགས་རང་ངོས་ནས་ངོས་འཛིན་ཐུབ་པའི་སློབ་སྦྱོང་བྱེད་ཐུབ།

* འདིའི་སྔོན་དུ་མཚན་མར་གཉན་ཚད་ཕོག་མྱོང་མཁན་ཞིག་ན་ངེས་པར་སྨན་པར་བསྟེན་དགོས།

* ཕོ་མོ་སུ་ཡིན་རུང་ལུས་འབྲེལ་བྱེད་ས་གཉིས་སམ་གཉིས་ལས་མང་བ་ཡོད་པའམ། ཆ་མེད་རྒྱུས་མེད་མཉམ་དུ་ལུས་འབྲེལ་བྱེད་མཁན་ཚོས་སྨན་པར་བསྟེན་དགོས། ལུས་འབྲེལ་བརྒྱུད་ནས་འགོས་པའི་ནད་རིགས་ཁ་ཤས་ལ་སྐྱུར་རྩིའི་གཉན་ཚད་དང་ཡང་ན་དྲི་ངན་གཉན་ཚད་དང་ཆ་འདྲ་བའི་རྟགས་མཚན་ཡོད།

* སྨན་པར་བསྟེན་མི་དགོས་པར་ཉོ་ཆོག་པའི་སྐྱུར་རྩིའི་གཉན་ཚད་འཇོམས་པའི་གཉན་འཇོམས་སྨན་ཐུན་གཅིག་བསྟེན་ཚར་ཡང་ནད་རྟགས་མུ་མཐུད་དུ་གནས་ན་ངེས་པར་སྨན་པར་བསྟེན་དགོས།

* ཚ་བ་འཕར་བའམ། གྲང་ངད་ལངས་པ། འཚང་ར་ན་བ་སོགས་འབྱུང་ན་སྨན་པར་བསྟེན་དགོས།

ངང་སྒུག་དང་ཚོད་ལྟ།

མཚན་མར་ཟ་འཁྲུག་ལངས་པ་དང་། གཤེར་ཁུ་འབྱིན་པའི་སྣང་ཚུལ་ནམ་བྱུང་ལ་སྨན་པར་བསྟེན་མི་དགོས། དམིགས་བསལ་གྱིས་་

* ཉེ་བའི་ཆར་ཁྱེད་ཀྱིས་རང་ཉིད་ལ་སྐྱུར་རྩིའི་གཉན་ཚད་ཕོག་པ་ཤེས་ནས་སྨན་བཅོས་དང་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། ཁྱེད་ཀྱི་ནད་རྟགས་རྣམས་དེ་སྔོན་དང་གཅིག་མཚུངས་ཡིན་ན་གང་མྱུར་སྨན་པར་བསྟེན་མི་དགོས།

* ཁྱེད་ཀྱིས་སྐྱུར་རྩིའི་གཉན་ཚད་ཟེར་བ་ཅི་ཞིག་ཡིན་མིན་དང་། དེའི་ནད་རྟགས་སོགས་ཚང་མ་ཤེས་པ་མ་ཟད། རང་ཉིད་ལ་ཡོད་པ་སྐྱུར་རྩིའི་གཉན་ཚད་ཡིན་པ་ཤེས་ནས་བདག་སྐྱོང་བྱེད་བཞིན་ཡོད་ན་གང་མྱུར་སྨན་པར་བསྟེན་མི་དགོས།

 

འབྲེལ་ཡོད་རྩོམ་ཡིག་གཞན།

དང་པོ། མཚན་མའི་གཉན་ཚད།

གཉིས་པ། མཚན་མའི་གཉན་ཚད་ཀྱི་རྒྱུ་རྐྱེན།

གསུམ་པ། མཚན་མའི་གཉན་ཚད་བདག་གཅེས་བྱེད་ཐབས།

དཔྱད་གཞིའམ་སྒྱུར་གཞིའི་མ་རྩོམ། http://www.mayoclinic.org/diseases-conditions/vaginitis/home/ovc-20258665

གསལ་བཤད།

རྩོམ་ཡིག་འདིར་འཁོད་པའི་ཆེད་སྤྱོད་བརྡ་ཆད་ཁག་ལ་སློབ་སྟོན་པ་ཚོས་བཅོས་སྒྱུར་དགོས་པའི་བླང་བྱ་འདོན་ན་དུས་ལྟར་བཅོས་སྒྱུར་བྱེད་སྲིད་པ་མ་ཟད། རྩོམ་ཡིག་འདིར་སྣོན་འཕྲོ་སྤོར་གཅོག་གང་ཡང་བྱེད་སྲིད་པ་ཡིན་པས། བཤུ་འགོད་བྱེད་མཁན་ཚོས་རྩོམ་ཡིག་འདིའི་དྲ་ཐག་ཀྱང་མཉམ་དུ་སྤེལ་རོགས། རྩོམ་ཡིག་བརྐུ་འཁྱེར་བྱེད་མཁན་ཚོས་ངེད་དྲ་བའི་མིང་དང་། རྩོམ་མཁན་གྱི་མིང་། དྲ་ཐག་སོགས་གང་ཡང་སྤེལ་བཞིན་མེད་པས། བྱེད་ཉེས་དེས་ཀློག་མཁན་མང་པོ་ལོག་ལམ་དུ་འཁྲིད་སྲིད་པའི་དོན་དངོས་སེམས་ལ་འཛིན་རོགས།

 

Leave a Reply

Your email address will not be published. Required fields are marked *