མཚན་མའི་གཉན་ཚད་ཀྱི་རྒྱུ་རྐྱེན།

མཚན་མའི་གཉན་ཚད་རིགས་མི་འདྲ་བ་སོ་སོར་དེ་དག་བསྐྱེད་མཁན་གྱི་རྒྱུ་དང་རྐྱེན་ཡང་མི་འདྲ་བ་རེ་ཡོད།

དྲི་ངན་མཚན་གཉན།(Bacterial vaginosis/细菌性阴道炎) རྒྱུན་མཐོང་གི་མཚན་མའི་གཉན་ཚད་བསྐྱེད་མཁན་འདི་ནི་མཚན་མའི་ནང་གི་དུས་རྒྱུན་གྱི་འབུ་ཕྲ་རབ་ལ་འགྱུར་བ་ཐེབས་པ་ལ་བརྟེན་ནས། རྒྱུན་ལྡན་མ་ཡིན་པའམ། ཡང་ན་མཚན་མར་གནོད་སྐྱེལ་བའི་འབུ་ཕྲ་རབ་གཞན་གྱི་གྲངས་འབོར་མང་དུ་འཕེལ་བ་ལ་བརྟེན་ནས་འབྱུང་བ་ཡིན།

མཚན་མའི་ནང་དུ་ལུས་ལ་གནོད་མི་སྐྱེལ་བ་ཙམ་དུ་མ་ཟད། མཚན་མའི་བདེ་ཐང་ལ་ངེས་པར་མཁོ་བའི་འབུ་ཕྲ་རབ་(lactobacilli) མང་པོ་ཡོད་པ་དང་། སྐབས་རེར་རྒྱུ་རྐྱེན་འདྲ་མིན་དབང་གིས་མཚན་མའི་བདེ་ཐང་ལ་གནོད་སྐྱེལ་བའི་འབུ་ཕྲ་རབ་(anaerobes) གཞན་དག་མང་དུ་འཕེལ་ཞིང་། ཕན་ལས་གནོད་སྐྱེལ་མཁན་གྱི་འབུ་ཕྲ་རབ་གྲངས་མང་བར་གྱུར་བ་རེད། གོ་བདེ་བའི་ཆེད་དུ་ང་ཚོས་lactobacilli ལ་ལྷན་སྐྱེས་འབུ་ཕྲ་རུ་འབོད་རྒྱུ་དང་། anaerobes ལ་རླུང་མེད་རང་འཚོའི་འབུ་ཕྲ་རུ་འབོད།

གལ་སྲིད་མཚན་མའི་ནང་རླུང་མེད་རང་འཚོའི་འབུ་ཕྲའི་གྲངས་འབོར་འཕེལ་རྒྱུ་མང་དྲགས་སོང་ན། མཚན་མའི་རང་བྱུང་གི་སྙོམས་ཚད་ལ་འཁྲུག་ཐེབས་ནས་དྲི་ངན་མཚན་གཉན་བསྐྱེད་པ་རེད། མཚན་མའི་གཉན་ཚད་འདིའི་རིགས་ལུས་འབྲེལ་བྱེད་པ་བརྒྱུད་འགོས་ཁྱབ་འགྲོ་བར་སྣང་། དམིགས་བསལ་གྱིས་ལུས་འབྲེལ་བྱེད་ས་མང་པོ་ཡོད་མཁན་ཚོར་ནད་འདི་ཕོག་པ་མང་། དེ་ལྟ་ནའང་། དྲི་ངན་མཚན་གཉན་འདི་ལུས་འབྲེལ་མི་བྱེད་པའི་སྐྱེས་མ་ཚོར་བྱུང་བའང་མང་པོ་ཡོད།

* སྐྱུར་རྩིའི་གཉན་ཚད་(Yeast infection/ 酵母菌感染) ནི་མཚན་མའི་ནང་ཚད་ལས་འདས་པའི་ཧམ་སྤུ་སྐྱེ་བ་ལ་བརྟེན་ནས་འབྱུང་བ་ཡིན། སྤྱིའི་ཆ་ནས་ཧམ་སྤུ་མང་ཤོས་ནི་ཕྲ་ཕུང་གཅིག་ལས་གྲུབ་པའི་སྐྱེ་ལྡན་C. albican ཞེས་པ་དེ་ཡིན། ཧམ་སྤུ་འདི་བརླན་གཤེར་ཆེ་བའི་ལུས་ཀྱི་ཆ་ཤས་གཞན་དཔེར་ན་ཁའི་ནང་དང་། མཆན་ཁུང་སོགས་སྐྱི་པགས་ལྟེབས་བརྩེགས་ཐེབས་ས་དང་། སེན་མོའི་གདན་ནམ་རྩ་བ་སོགས་སུའང་སྐྱེ་བ་ཡིན། བྱིས་པའི་ཆབ་གདན་དུས་ལྟར་གཙང་བཟོ་མ་བྱས་ན་བྱིས་པའི་འདོམས་ལའང་སྐྱེ་བ་ཡིན།

* གྲང་འབུ་གསང་རེག་ཚ་ནད་(Trichomoniasis/ 滴虫病) ནི་ལུས་འབྲེལ་བརྒྱུད་ཕན་ཚུན་ལ་འགོས་པའི་མཚན་མའི་གཉན་ཚད་ཅིག་དང་། འདི་ཉིད་བསྐྱེད་མཁན་ནི་ཕྲ་ཕུང་གཅིག་ལས་གྲུབ་པའི་གཞན་བརྟེན་སྲིན་འབུ་Trichomonas vaginalis ཟེར་བ་དེ་ཡིན། ཕོའི་ནང་ལ་སྲིན་འབུ་འདིས་གཅིན་ལམ་གཉན་ཚད་རྒྱས་པར་བྱེད་ཀྱང་། སྐབས་མང་པོ་ཞིག་ལ་ནད་རྟགས་མངོན་པ་མེད། (གལ་སྲིད་སྐྱེས་པ་ནད་འདི་ཕོག་ཡོད་པ་དང་། ནད་རྟགས་གང་ཡང་མངོན་རྒྱུ་མེད་ཀྱང་། སྲུང་ཤུབས་མ་གོན་པར་ལུས་འབྲེལ་བྱེད་ན་སྐྱེས་མ་དེར་མཚན་མའི་གཉན་ཚད་འགོས་པ་ཡིན།) སྐྱེས་མའི་ནང་ལ་མོ་མཚན་ལ་གཉན་ཚད་རྒྱས་པར་བྱེད་ཅིང་། མང་ཆེ་བར་ནད་རྟགས་མངོན་པ་མ་ཟད། ལུས་འབྲེལ་བརྒྱུད་ནས་འགོས་པའི་ནད་རིགས་གཞན་འགོས་པའི་ཉེན་ཁ་ཇེ་ཆེར་གཏོང་བ་ཡིན།

* འགོས་ཁྱབ་མི་འགྲོ་བའི་མཚན་མའི་གཉན་ཚད། མཚན་མར་གཏོར་བྱེད་ཀྱི་རྫས་དང་། དྲི་ཆུ། དྲི་ངད་ལྡན་པའི་འདག་རྫས། དྲི་ཞིམ་གཙང་རྫས་སོགས་ཀྱིས་མཚན་མ་དང་། མཚན་མའི་ལྟེབས་རིམ་དང་ཕུང་གྲུབ་ལ་ཕོག་ཐུག་གཏོང་སྲིད་པ་ཡིན། གཙང་མ་བྱེད་དུས་མཚན་མའི་ཕྱི་ནང་དུ་ལྷག་པའི་གཙང་ཤོག་དང་། ཟླ་མཚན་འབབ་དུས་བཀོལ་རྒྱུའི་གསང་ཐུར་དུས་ལྟར་ཕྱིར་འདོན་མ་བྱས་པར་ནང་དུ་ལྷག་པ་སོགས་ཀྱིས་ཀྱང་ཕོག་ཐུག་གཏོང་བ་ཡིན།

* མཚན་མ་ཉམས་པའི་ནད་རྟགས། ཟླ་མཚན་ཆད་རྗེས་མོ་གཤིས་སྐུལ་རྫས་(Estrogen 雌激素) འཕྲི་བའམ། ཡང་ན་རྒྱུ་རྐྱེན་གཞན་ལ་བརྟེན་ནས་བསམ་སེའུ་སྣོད་དམ། ཁམས་དམར་སྣོད་(ovaries卵巢) ཕྱིར་འདོན་བྱས་ཡོད་ན་དེ་དག་གིས་མཚན་མའི་རིམ་པ་སྲབ་ཏུ་གཏོང་བ་དང་། དེ་ལ་བརྟེན་ནས་མཚན་རེར་མཚན་མར་ཅ་ཟིང་པོ་དང་། ཟ་འཁྲུག་ལངས་པ། སྐམ་ཤེད་ཆེ་བ་བཅས་ཀྱི་སྣང་ཚུལ་བསྐྲུན་པ་ཡིན།

 

ཉེན་ཁ་བསྐྱེད་གཞི།

མཚན་མའི་གཉན་ཚད་ཕོག་པའི་ཉེན་ཁ་ཇེ་ཆེར་གཏོང་བའི་རྒྱུ་རྐྱེན་འགའ་ནི།

* ལུས་ཀྱི་ཧོར་མོན་སྐུལ་རྫས་ལ་འགྱུར་ལྡོག་འབྱུང་བ་དཔེར་ན། མངལ་ཆགས་པ་དང་། མངལ་འགོག་སྨན་བསྟེན་པ། ཟླ་མཚན་ཆད་པའི་དུས་སུ་ཐོན་པ་སོགས།

* ལུས་འབྲེལ་བྱ་བྱེད།

* ལུས་འབྲེལ་བརྒྱུད་ནས་འགོས་ཁྱབ་འགྲོ་བའི་ནད་ཕོག་པ།

* གཉན་འཇོམས་སྨན་དང་། སྟོབས་བསྐྱེད་སྐུལ་རྫས་སོགས་སྨན་བསྟེན་པའི་སྐབས།

* མངལ་འགོག་སྨན་བསྟེན་པའི་སྐབས།

* གཅིན་སྙི་ཟ་ཁུའམ། གཅིན་པ་མངར་འགྱུར་གྱི་ནད་ལ་བདག་གཅེས་མི་བྱེད་པ།

* འདགས་རྫས་དང་བྱུགས་རྫས་སྣ་ཚོགས་ཀྱིས་མཚན་མ་འཁྲུ་བ།

* རྐང་ཐུང་རློན་པ་དང་། རྐང་སྣམ་དམ་པོ་གོན་པ།

* མངལ་སྒོ་སྡོམ་པའི་T དབྱིབས་ཟངས་སྐུད་སྐོན་པ་སོགས་ཀྱིས་མཚན་མའི་གཉན་ཚད་བསྐྱེད་པའི་ཉེན་ཁ་ཇེ་ཆེར་གཏོང་བ་ཡིན།

 

རྙོག་འཛིང་ཇེ་ཆེར་འགྲོ་བ།

གྲང་འབུ་གསང་རེག་ཚ་ནད་(Trichomoniasis/ 滴虫病) དང་། དྲི་ངན་མཚན་གཉན།(Bacterial vaginosis/细菌性阴道炎) ཕོག་ཡོད་པའི་སྐྱེས་མ་ཚོའི་མཚན་མར་གཉན་ཁ་རྒྱས་ཡོད་པའི་རྒྱུ་མཚན་གྱིས་ལུས་འབྲེལ་བརྒྱུད་ནས་འགོས་པའི་ནད་རིགས་གཞན་འགོས་པའི་ཉེན་ཁ་ཆེ་བ་ཡོད། སྦྲུམ་མ་ཚོར་མཚོན་ན་གོང་གི་ནད་རིགས་དེ་གཉིས་དང་། བྱིས་པ་བཙས་དུས་བྱིས་པ་བསྐྱེད་འཚར་ཚད་ལོངས་མེད་པ་དང་། བཙའ་དུས་བྱིས་པའི་ལུས་ལྗིད་ཧ་ཅང་ཆུང་བའི་གནས་སྟངས་འབྱུང་བ་དང་འབྲེལ་བ་ཆགས་ཡོད།

འབྲེལ་ཡོད་རྩོམ་ཡིག་གཞན།

དང་པོ། མཚན་མའི་གཉན་ཚད།

གཉིས་པ། མཚན་མའི་གཉན་ཚད་ཀྱི་རྒྱུ་རྐྱེན།

གསུམ་པ། མཚན་མའི་གཉན་ཚད་བདག་གཅེས་བྱེད་ཐབས།

དཔྱད་གཞིའམ་སྒྱུར་གཞིའི་མ་རྩོམ། http://www.mayoclinic.org/diseases-conditions/vaginitis/home/ovc-20258665

གསལ་བཤད།

རྩོམ་ཡིག་འདིར་འཁོད་པའི་ཆེད་སྤྱོད་བརྡ་ཆད་ཁག་ལ་སློབ་སྟོན་པ་ཚོས་བཅོས་སྒྱུར་དགོས་པའི་བླང་བྱ་འདོན་ན་དུས་ལྟར་བཅོས་སྒྱུར་བྱེད་སྲིད་པ་མ་ཟད། རྩོམ་ཡིག་འདིར་སྣོན་འཕྲོ་སྤོར་གཅོག་གང་ཡང་བྱེད་སྲིད་པ་ཡིན་པས། བཤུ་འགོད་བྱེད་མཁན་ཚོས་རྩོམ་ཡིག་འདིའི་དྲ་ཐག་ཀྱང་མཉམ་དུ་སྤེལ་རོགས། རྩོམ་ཡིག་བརྐུ་འཁྱེར་བྱེད་མཁན་ཚོས་ངེད་དྲ་བའི་མིང་དང་། རྩོམ་མཁན་གྱི་མིང་། དྲ་ཐག་སོགས་གང་ཡང་སྤེལ་བཞིན་མེད་པས། བྱེད་ཉེས་དེས་ཀློག་མཁན་མང་པོ་ལོག་ལམ་དུ་འཁྲིད་སྲིད་པའི་དོན་དངོས་སེམས་ལ་འཛིན་རོགས།

 

Leave a Reply

Your email address will not be published. Required fields are marked *