མཚན་མའི་གཉན་ཚད་བདག་གཅེས་བྱེད་ཐབས།

ཉིན་རེའི་ཟས་སྤྱོད་དང་རང་ངོས་ནས་བཅོས་ཐབས། དྲི་ངན་མཚན་གཉན་(Bacterial vaginosis/细菌性阴道炎)དང་། གྲང་འབུ་གསང་རེག་ཚ་ནད(Trichomoniasis/ 滴虫病)། མཚན་མ་རྒུད་པའི་ནད་རྟགས་སོགས་ཀྱིས་བསྐྱེད་པའི་མཚན་མའི་གཉན་ཚད་ཡོད་ན་ངེས་པར་སྨན་པར་བསྟེན་ནས་སྨན་ལེན་དགོས། འོན་ཀྱང་། གལ་ཏེ་ཁྱོད་ལ་སྐྱུར་རྩིའི་གཉན་ཚད་ཡོད་ཚེ་གཤམ་གྱི་བྱེད་ཐབས་འདི་དག་བཀོལ་ནས་རང་ངོས་ནས་བདག་གཅེས་བྱེད་ཆོག

* སྐྱུར་རྩིའི་གཉན་ཁ་འཇོམས་པའི་སྨན་རྣམས་སྨན་པར་མ་བསྟེན་པར་ཉོས་ཀྱང་ཆོག དེ་མིན་ན། ཉིན་གཅིག་དང་། གསུམ། ཡང་ན་ཉིན་བདུན་བར་བྱུགས་ཆོག་པའི་བྱུགས་རྫས་ཀྱང་ཡོད། ཡིད་ལ་ངེས་དགོས་པ་ཞིག་ནི། གལ་སྲིད་ཁྱེད་ཀྱིས་བྱུགས་རྫས་དེ་དག་ཚུལ་བཞིན་མ་བཀོལ་བའམ། ཡང་ན་བྱུགས་རྫས་ཚད་ལྡན་མིན་ན་དེས་དཀའ་ངལ་ཇེ་ཆེར་གཏོང་སྲིད་པ་ཡིན། རབ་ཡིན་ན་འཐུང་སྨན་དང་བྱུགས་སྨན་གང་ཞིག་ཡིན་རུང་། ཚད་ལྡན་གྱི་སྨན་པར་བསྟེན་ནས་སྨན་པའི་ལམ་སྟོན་ལྟར་བསྟེན་རྒྱུ་དེ་ཡིན།

* སྨན་བསྟེན་བཞིན་པའི་སྐབས་སུའང་སྨན་གྱི་ནུས་པ་མ་ཐོན་བར་མཚན་མར་མི་བདེ་བའི་སྣང་བ་འབྱུང་བ་ཡིན་པས། ལག་ཕྱིས་ལྟ་བུ་རས་གཙང་མ་གྲང་མོར་བཟོས་ནས་མཚན་མར་ཕྱི་རིམ་དུ་གཏད་ན་ན་ཟུག་འཇོམས་པར་ཕན་པ་ཡིན།

སྔོན་འགོག

གཙང་སྤྲ་ལེགས་པོ་བྱས་ན་མཚན་མའི་གཉན་ཚད་ཁག་ཅིག་བསྐྱར་དུ་མི་འབྱུང་བའི་སྔོན་འགོག་བྱེད་ཐུབ་པ་མ་ཟད། མཚན་མའི་གཉན་ཚད་ཕོག་ཡོད་དུས་ཀྱང་གཙང་སྤྲ་བྱེད་ན་ནད་རྟགས་ཁ་ཤས་ཤིག་རང་ཡལ་དུ་འགྲོ་བ་ཡིན།

  • འཁྲུས་གཞོང་ནང་ཉལ་ནས་འཁྲུས་བྱེད་པ་དང་། ཆུ་ཚན། མིས་བཟོས་ཆུ་འཁོར་རྫིང་བུ་སོགས་སུ་འཛུལ་མི་རུང་།
  • ཟ་འཁྲུག་སློང་རྐྱེན་ལ་གཡོལ་དགོས། དྲི་ཞིམ་བྲོ་བའི་གསང་གདན་དང་། གསང་ཐུར། འདག་རྫས། དྲི་ཆུ་སོགས་རྫས་རིགས་འདུས་ཚད་ཀྱིས་མཚན་མར་ཟ་འཁྲུག་སློང་བ་མ་ཟད། ལུས་པོ་འཁྲུས་རྗེས་མཚན་མའི་གཡས་གཡོན་ལ་དམིགས་བསལ་གྱིས་ཆུ་བཤལ་བྱས་ནས་འདག་རྫས་གཙང་སེལ་བྱེད་པ་དང་། ལག་ཕྱིས་གཙང་མས་ལེགས་པར་ཕྱིས་ནས་གཙང་མ་དང་སྐམ་པོ་ཉར་དགོས།
  • མཚན་མ་འཁྲུ་དུས་དང་། སྐེམ་དུས་གང་དུ་ཡིན་རུང་། མཚན་མའི་སྟེང་རིམ་མམ། ཕོ་བའི་ཕྱོགས་ནས་ལག་པས་མར་འདེད་ནས་འཁྲུ་བ་དང་། སྐེམ་དུས་ཀྱང་ལག་ཕྱིས་གཙང་མས་མཚན་མའི་ཀླད་ནས་མར་འཕྱི་དགོས། མི་མང་པོ་ཞིག་གིས་འོག་ནས་ཡར་འཁྲུ་བ་དང་འཕྱི་བ་སོགས་བྱེད་བཞིན་ཡོད་ཀྱང་། དེ་ལྟར་བྱེད་ན་མཚན་མའི་ཕྱི་རིམ་ན་ཡོད་པའི་སྐྱེ་ལྡན་ཕྲ་རབ་དང་། འདག་རྫས་སོགས་ཀྱི་རྫས་རིགས་མཚན་མའི་ནང་དུ་འདེད་པའི་ཉེན་ཁ་ཡོད།

མཚན་མའི་གཉན་ཚད་སྔོན་འགོག་བྱེད་པར་ཕན་པའི་བྱེད་ཐབས་གཞན་འགའ།

* མཚན་མའི་ནང་ལ་ཆུ་མ་གཏོར། མཚན་མར་དུས་རྒྱུན་ལུས་པོ་འཁྲུས་པའི་སྐབས་ཕྱི་ངོས་ནས་ཆུ་གཙང་མས་ལེགས་པར་འཁྲུ་རྒྱུ་ལས། ཚད་ལས་འདས་པའི་གཙང་འཁྲུ་བྱེད་མི་དགོས། འདག་རྫས་སོགས་བཀོལ་བ་དང་། མཚན་མའི་ནང་ངོས་འཁྲུ་བ་སོགས་ཀྱིས་མཚན་མའི་ནང་གི་རྒྱུན་ལྡན་གྱི་སྐྱེ་ལྡན་ཕྲ་རབ་ལ་དོ་ཕོག་གཏོང་སྲིད་པ་དང་། དེ་ལ་བརྟེན་ནས་མཚན་མའི་གཉན་ཚད་ཕོག་པ་ཡོང་གིན་ཡོད། དེ་ཙམ་དུ་མ་ཟད། མཚན་མའི་གཉན་ཚད་ཡོད་དུས་ཀྱང་ནང་ངོས་ཆུ་བཤལ་གཏོང་བས་གཙང་སེལ་ནམ་ཡང་བྱེད་མི་ཐུབ།

* རྩི་ལྡན་(latex) སྲུང་ཤུབ་བཀོལ་བ། ལུས་འབྲེལ་བྱེད་དུས་རྩི་ལྡན་སྲུང་ཤུབ་བཀོལ་བ་ཡིན་ན་མཚན་མའི་གཉན་ཚད་གནས་གཞན་དུ་མི་ཁྱབ་པར་ཕན།

* བལ་རིགས་(cotton/棉)ལས་བཟོས་པའི་གསང་དོར་གོན། དགོང་མོར་ཉལ་དུས་སྟབས་བདེ་མིན་ན་གསང་དོར་ཕུད་ནས་གཉིད། བརླན་གཤེར་ཡོད་ན་སྐྱུར་རྩི་རབ་ཏུ་འཕེལ་བ་ཡིན།

 

འབྲེལ་ཡོད་རྩོམ་ཡིག་གཞན།

དང་པོ། མཚན་མའི་གཉན་ཚད།

གཉིས་པ། མཚན་མའི་གཉན་ཚད་ཀྱི་རྒྱུ་རྐྱེན།

གསུམ་པ། མཚན་མའི་གཉན་ཚད་བདག་གཅེས་བྱེད་ཐབས།

དཔྱད་གཞིའམ་སྒྱུར་གཞིའི་མ་རྩོམ། http://www.mayoclinic.org/diseases-conditions/vaginitis/home/ovc-20258665

གསལ་བཤད།

རྩོམ་ཡིག་འདིར་འཁོད་པའི་ཆེད་སྤྱོད་བརྡ་ཆད་ཁག་ལ་སློབ་སྟོན་པ་ཚོས་བཅོས་སྒྱུར་དགོས་པའི་བླང་བྱ་འདོན་ན་དུས་ལྟར་བཅོས་སྒྱུར་བྱེད་སྲིད་པ་མ་ཟད། རྩོམ་ཡིག་འདིར་སྣོན་འཕྲོ་སྤོར་གཅོག་གང་ཡང་བྱེད་སྲིད་པ་ཡིན་པས། བཤུ་འགོད་བྱེད་མཁན་ཚོས་རྩོམ་ཡིག་འདིའི་དྲ་ཐག་ཀྱང་མཉམ་དུ་སྤེལ་རོགས། རྩོམ་ཡིག་བརྐུ་འཁྱེར་བྱེད་མཁན་ཚོས་ངེད་དྲ་བའི་མིང་དང་། རྩོམ་མཁན་གྱི་མིང་། དྲ་ཐག་སོགས་གང་ཡང་སྤེལ་བཞིན་མེད་པས། བྱེད་ཉེས་དེས་ཀློག་མཁན་མང་པོ་ལོག་ལམ་དུ་འཁྲིད་སྲིད་པའི་དོན་དངོས་སེམས་ལ་འཛིན་རོགས།

Leave a Reply

Your email address will not be published. Required fields are marked *