ཨེ་ཛི་སྨན་གྱི་ནུས་པས་ནད་པའི་ཚེ་ཡུན་རྒྱུན་ལྡན་ལྟ་བུར་སྲིང་ཐུབ།

འདྲེ་རིག་ལྡན། དབྱིན་ཡུལ་གྱི་གསོ་རིག་དུས་དེབ་གྲགས་ཅན་ Lancet ཞེས་པར་བཀོད་པའི་ཞིབ་འཇུག་གྲུབ་དོན་ལྟར་ན། ཉེ་བའི་ཨེ་ཛི་གསོ་བཅོས་ཐད་ཡར་རྒྱས་ཆེན་པོ་སོང་ཡོད་པ་དང་། ཨེ་ཛི་སྲིན་འཇོམས་སྨན་ཐོན་གསར་པ་བསྟེན་མཁན་གྱི་ལོ་ན་གཞོན་པའི་ཨེ་ཛི་ནད་པའི་ཚེ་ཡུན་ཧ་ལམ་རྒྱུན་ལྡན་ལྟ་བུར་སྲིང་ཐུབ་ཡོད་ཟེར། སྤྱི་ལོ་༡༩༩༦ ལོ་ནས་སྲིན་འཇོམས་སྨན་བསྟེན་འགོ་ཚུགས་མཁན་ཚོ་དང་བསྡུར་ན། ལོ་ན་ཉི་ཤུའི་ནང་ཡོད་པའི་ཨེ་ཛི་ནད་པ་སྤྱི་ལོ་༢༠༡༠ ལོ་ནས་སྲིན་འཇོམས་སྨན་བསྟེན་མཁན་ཚོ་ལོ་ངོ་བཅུ་ལས་རིང་བ་གསོན་ཐུབ་པའི་སྔོན་དཔག་བྱེད་བཞིན་ཡོད།

གོང་གི་ཞིབ་འཇུག་འདི་ཡུ་རོབ་ཀྱི་རྒྱལ་ཁབ་བཅོ་བརྒྱད་དང་བྱང་ཨ་རིའི་ཨེ་ཛི་ནད་པའི་མི་འབོར་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ཞིག་ཡིན།

སྨན་པ་ཚོས་བཤད་ན། ཨེ་ཛི་ནད་འདི་སྔོན་ཚུད་ནས་གསོ་བཅོས་བྱེད་རྒྱུ་ནི་ཚེ་ཡུན་སྲིང་བ་དང་བདེ་ཐང་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་རྒྱུའི་རྨང་གཞི་ཆགས་ཡོད་ཟེར།

སྤྱི་ཚོགས་ཐེབས་རྩ་ཁག་གིས་བཤད་པ་ལྟར་ན། མི་ཧ་ཅང་མང་པོ་ཞིག་གིས་རང་ཉིད་ལ་ཨེ་ཛི་ནད་འབུ་འགོས་ཡོད་པ་མ་ཚོར་ནས་ལྷག་བསྡད་ཡོད་ཟེར། དམིགས་བསལ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་ལ་མཚོན་ན་གནས་སྟངས་འདི་མངོན་གསལ་དོད་པོ་ཡིན་ལ། ཨེ་ཛི་སྲིན་འཇོམས་སྨན་ཐོབ་དཀའ་བའི་གནས་སྟངས་ཀྱི་འོག་ནས་མི་མང་པོ་ཨེ་ཛི་ནད་འབུས་གསོད་བཞིན་ཡོད།

བྷི་རིསི་ཊོལ་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་གྲུབ་དོན་འདིའི་སྙན་ཞུའི་རྩོམ་པ་པོས་བཤད་པ་ལྟར་ན། ཨེ་ཛི་གསོ་བཅོས་ཐད་ཁྱད་དུ་འཕགས་པའི་གྲུབ་འབྲས་འདི་འདྲ་སོན་པ་ནི་གསར་དུ་ཐོན་པའི་སྲིན་འཇོམས་སྨན་ལ་ཞོར་སྐྱོན་ཉུང་ཞིང་། ནད་འབུའི་རང་སྤེལ་ནུས་པ་འགོག་པར་ཕན་ནུས་སྔར་ལས་ཆེ་བ་ཐོན་པ་ལ་བསྟེན་ནས་བྱུང་ཟེར།

དེ་ཙམ་དུ་མ་ཟད། ཉེ་བའི་ཨེ་ཛི་སྲིན་འཇོམས་སྨན་ལ་ཨེ་ཛི་ནད་འབུས་སྨན་གྱི་ནུས་པ་འགོག་པའི་ཁྱད་ནུས་བསྐྱེད་རྒྱུའང་སྔར་ལས་ཁག་པ་ཡོད་ཟེར།

གྲུབ་འབྲས་འདིའི་རྒྱུ་གཞན་ཞིག་ནི་ཨེ་ཛི་ནད་ཡོད་མེད་བརྟག་དཔྱད་དང་སྔོན་འགོག་གི་ལས་གཞི་སྤེལ་བའི་ཆེད་མཁས་དང་ཆེད་ལས་རྩ་འཛུགས་མང་བ་དང་། ཨེ་ཛི་ནད་འབུས་བསྐྱེད་པའི་ནད་རིགས་གཞན་ལ་དུས་ལྟར་སྨན་བཅོས་བདག་སྐྱོང་བྱེད་པའི་མཐུན་རྐྱེན་ཡོད་པ་བཅས་ལ་བརྟེན་ནས་ཀྱང་བྱུང་བར་འདོད།

ཡིན་ན་ཡང་། ཨེ་ཛི་ནད་འབུ་འགོས་པའི་མི་རྣམས་དང་། དམིགས་བསལ་གྱིས་ཉལ་ཐའི་ཁབ་བརྒྱུད་ནས་ཨེ་ཛི་འགོས་པའི་མི་རྣམས་རེ་ལྟོས་བྱེད་པའི་ཚེ་ཚད་ཅིག་ཏུ་གསོན་པོར་མི་འཚོ།

སྲིན་འཇོམས་སྨན་གྱི་གསོ་བཅོས་ནི་སྨན་རིགས་གསུམ་མམ་དེ་ལས་མང་བ་མཉམ་རུབ་ཀྱིས་ཨེ་ཛི་ནད་འབུ་(HIV- མིའི་འགོག་སྲུང་མ་ལག་ཉམས་པར་བྱེད་པའི་ཕྲ་སྲིན།)ཡི་རྒྱུན་ལྡན་གྱི་འཕེལ་རིམ་ལ་བཀག་འགོག་བྱེད་པ་ཞིག་ཡིན།

དེ་ལ་”འདས་པའི་མི་ལོ་བཞི་བཅུའི་རིང་གི་སྤྱི་མང་འཕྲོད་བསྟེན་གྱི་རྒྱལ་ཁའི་གཏམ་རྒྱུད་”ཞེས་འབོད་པ་རེད།

ཨེ་ཛིའི་གོ་རྟོགས་སྤེལ་བ་དང་དུས་མཉམ་དུ་གསོ་བཅོས་ཐད་ཤུགས་སྣོན་རྒྱག་དགོས། གོང་གི་ཞིབ་འཇུག་འདི་ཡུ་རོབ་ཀྱི་རྒྱལ་ཁབ་བཅོ་བརྒྱད་དང་། བྱང་ཨ་རིའི་ཁུལ་གྱི་ནད་པར་ཞིབ་འཇུག་བྱས་པ་ཞིག་རེད། འདིའི་སྟེང་ནས་ང་ཚོར་ལེགས་ཆ་ལེན་རྒྱུ་ཧ་ཅང་མང་པོ་འདུག ཞིབ་ཕྲའི་གནས་ཚུལ་གཟའ་མཇུག་ཏུ་བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བར་སྤེལ་རྒྱུ་ཡིན་པས་དེར་གཟིགས་རོགས།

དཔྱད་གཞི།
Source: http://www.thelancet.com/journals/lanhiv/article/PIIS2352-3018(17)30066-8/fulltext

Leave a Reply

Your email address will not be published. Required fields are marked *