གཞང་འབྲུམ་དང་ནོར་བའི་དཀའ་ངལ་ཅིག

འདྲེ་རིག་ལྡན།

མི་མང་པོ་ཞིག་གིས་གཞང་འབྲུམ་གྱི་དཀའ་ངལ་འདུག་ཟེར་ནས་སྨན་གང་ཞིག་བསྟེན་དགོས་མིན་ཡང་ཡང་དྲིས་པ་མ་ཟད། ཁོང་ཚོས་ཁྲོམ་རྭ་ནས་སྨན་འདྲ་མིན་ཉོས་ནས་བསྟེན་པ་དང་། ཤིང་ཏོག་དང་སྔོ་ཚོད་རིགས་ཀྱང་མང་པོ་ཟས་ཡོད། འོན་ཀྱང་། དཀའ་ངལ་དེ་མུ་མཐུད་དུ་གནས་པས་དྲི་བ་དེ་ཡང་ནས་བསྐྱར་དུ་འདྲི་བཞིན་ཡོད། གལ་སྲིད་ཁྱེད་རང་ལ་དཀའ་ངལ་འདི་ཡོད་ཚེ། གཤམ་གྱི་རྩོམ་ཡིག་འདིས་ཁྱེད་ལ་ཁ་གསལ་བའི་ལན་ཞིག་སྟེར་ཐུབ།

དང་པོ། གཞང་འབྲུམ་ངོ་མ་ཡོད་ཀྱང་། གཞང་འབྲུམ་ལ་ཁ་ནས་ཟ་རྒྱུའམ། ཁབ་རྒྱག་རྒྱུ་ལྟ་བུའི་སྨན་མེད། གཞང་འབྲུམ་ལ་གཙང་སྦྲ་བྱེད་པ་ཕུད། སྔོ་ཚོད་དང་། ཤིང་ཏོག་རིགས་མང་དུ་ཟས་ནས་ནད་རྟགས་ལ་ཚོད་འཛིན་བྱེད་པ་དང་། བྱུགས་སྨན་བསྐུ་བ། བཤགས་བཅོས་བྱེད་པ་སོགས་ཀྱི་བཅོས་ཐབས་ཡོད། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ན་དྲ་ཐག་འདིར་སྣུན་ནས་གཞང་འབྲུམ་དང་འབྲེལ་བའི་ངོ་སྤྲོད་རྩོམ་ཡིག་འདི་ཀློག་རོགས།

གཞང་འབྲུམ་གྱི་ནད་རྟགས་དང་ཆ་འདྲ་བའི་དཀའ་ངལ་གཞན་ཞིག་ཡོད། (བཤད་སྟངས་སྙིང་རྗེ་མོ་ཞིག་རྙེད་མ་སོང་བས་དགོངས་པ་མ་ཚོམ།) དེ་ནི་བཤང་ལམ་མམ། རྐུབ་ཁུང་གཡས་གཡོན་གྱི་སྤུ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད།

སྤྱིར་ན་ང་ཚོའི་ལུས་སྟེང་གི་ཡོད་ཚད་ལ་རང་རང་གི་འགན་འཁྲི་དང་བྱེད་ལས་རེ་ཡོད། འོན་ཀྱང་། དེང་གི་ཆར་བཤང་སྒོའི་སྤུ་ལ་དམིགས་བསལ་གྱི་བྱེད་ལས་ཅི་ཞིག་ཡོད་དམ།

རིགས་འགྲེས་ཀྱིས་རིགས་པ་ཞིག་བཀོད་ན། མིག་དང་། སྣ། ཁ། རྣ། མཚན་མ་དང་བཤང་སྒོ་བཅས་ནི་ཐད་ཀར་ཕྱི་རོལ་གྱི་ཁོར་ཡུག་དང་འདྲེས་ནས་ཡོད་པའི་ལུས་ཀྱི་སྒོ་དག་ཡིན། སྒོ་འདི་དག་མ་ཡིན་པའི་ལུས་ཀྱི་ཆ་ཤས་གཞན་དག་ནི་སྐྱི་པགས་ཀྱིས་བཏུམས་ཡོད་པས། སྐྱི་པགས་བཤིགས་པའམ་དཔྲལ་ན་མ་གཏོགས་ཕྱི་རོལ་གྱི་སྐྱེ་དངོས་ཕྲ་རབ་མང་ཤོས་ཤིག་ནང་འཛུལ་བྱེད་མི་ཐུབ། དེ་བས་ང་ཚོས་སྐྱི་པགས་ནི་ལུས་ཀྱི་འགོག་སྲུང་མ་ལག་ནང་གི་མ་ལག་ཆེ་ཤོས་དང་། མཐའ་སྐོར་ལྕགས་རི་ལྟ་བུའི་འགོག་སྲུང་གི་རིམ་པ་དང་པོར་འབོད་པ་རེད། དེས་ན། སྒོ་འདི་དག་བརྒྱུད་ནས་སྐྱེ་དངོས་ཕྲ་རབ་ཙམ་དུ་མ་ཟད། ང་ཚོའི་ཉིན་རེའི་ཟ་འཐུང་ཚང་མའང་སྒོ་འདི་དག་ལས་གང་རུང་བརྒྱུད་ནས་ནང་འཛུལ་དང་ཕྱིར་ཐོན་བྱེད་བཞིན་ཡོད་པས། དགོས་ངེས་ཅན་གྱི་སྒོ་མོ་འདི་དག་ལ་དགོས་ངེས་ཀྱི་འགོག་སྲུང་མ་ལག་མང་དག་ཅིག་ཡོད་པ་ལས་གཅིག་ནི་སྤུ་རྣམས་ཡིན། དཔེར་ན་སྣ་ཁུང་ནང་གི་སྤུས་ང་ཚོས་དབུགས་གཏོང་ལེན་བྱེད་དུས་དང་། ཡང་ན་མཚན་མོར་གཉིད་ཁུགས་ཡོད་དུས་སྐྱེ་དངོས་ཕྲ་རབ་དང་ཡང་ན་སྦྲང་མ་སོགས་ཚུད་པའི་སྐྱེ་དངོས་གཞན་འགོག་པ་ལྟ་བུ་རེད། དེ་བཞིན། ལུས་ཀྱི་ཆ་ཤས་གཞན་དཔེར་ན་མཆན་ཁུང་ལྟ་བུར་མཚོན་ན་སྤུས་དཔུང་ལག་ནང་ངོས་དང་བྲང་སྲིབ་ཀྱི་སྐྱི་པགས་ཕན་ཚུན་བརྡར་བ་འགོག་པ་ལྟ་བུ་རེད། བཤང་སྒོའི་སྤུ་རྣམས་ཀྱིས་འཕོང་ཤ་གཡས་གཡོན་གྱི་སྐྱི་པགས་ཐད་ཀར་བརྡར་སྲིབ་མི་བྱེད་པ་དང་། བཤང་ལམ་དུ་འབུ་སོགས་འཛུལ་བ་སྔོན་འགོག་བྱེད་ཆེད་དུ་སྐྱེས་པ་ཡིན་དུ་སྲིད་ཀྱང་། རྐང་སྣམ་དང་དོར་མ་གོན་པའི་དེང་གི་དུས་སུ་སྤུ་དེར་དམིགས་བསལ་གྱི་འགན་འཁྲི་ཞིག་དང་བྱེད་ལས་ཤིག་ཡོད་མེད་གསལ་བོ་མེད།

མིའི་ཆབ་ཆེན་ནི་རྡོག་གཟུགས་གཤེར་གཟུགས་སུ་བསྒྱུར་ནས་སླར་ཡང་རྡོག་གཟུགས་སུ་གྲུབ་པའི་ཐོན་རྫས་ཤིག་རེད། དེས་ང་ཚོའི་འཇུ་བྱེད་མ་ལག་གི་སྦུག་ལམ་རིང་མོ་ཞིག་བརྒྱུད་ནས་བཤང་ལམ་ལས་ཕྱིར་བུད་པ་ཡིན་པས། ཆབ་ཆེན་ལ་རྙོག་འཛིང་ཆེ་བའི་གྲུབ་ཆ་སྣ་ཚོགས་ཤིག་ཡོད། སྐམ་ཟིན་པའི་ཆབ་ཆེན་ལ་ཞིབ་འཇུག་བྱས་པ་ལྟར་ན་དེའི་གྲུབ་ཆ་སྤྱིའི་བརྒྱ་ཆ་སུམ་ཅུ་འབུ་ཕྲ་(30% bateria)དང་། འཇུ་མ་ཐུབ་པའི་ཟས་རིགས་དང་ཉག་མའི་རིགས་བརྒྱ་ཆ་སུམ་ཅུ་(undigested food and fiber 30%)། ཚིལ་ཞགས་རིགས་བརྒྱ་ཆ་བཅུ་ནས་ཉི་ཤུ་(fat 10%- 20%)། སྐྱེ་ལྡན་མ་ཡིན་པའི་དངོས་པོ་བརྒྱ་ཆ་བཅུ་ནས་ཉི་ཤུ་(inorganic matter)། སྤྲི་རྫས་གཞན་བརྒྱ་ཆ་གཉིས་ནས་གསུམ་(other protein 2-3%) བཅས་ཀྱིས་གྲུབ་པ་ཡིན། མི་སོ་སོའི་ཟས་རིགས་མི་འདྲ་བ་ཡོད་པ་ལ་བརྟེན་ཐམས་ཅད་ཀྱི་ཆབ་ཆེན་གྲུབ་ཆ་ཡོངས་སུ་མཐུན་པ་ཞིག་མིན། ཆབ་ཆེན་ལ་སྐྲག་དགོས་ས་གཅིག་ཡོད་པ་ནི་གོང་དུ་འཁོད་པའི་འབུ་ཕྲ་བརྒྱ་ཆ་སུམ་ཅུ་ཡོད་པ་དེ་ཡིན།

ཆབ་ཆེན་འདི་བཤང་སྒོ་ནས་ཕྱིར་ཐོན་དུས་བཤང་སྒོ་གཡས་གཡོན་གྱི་སྤུ་ཚོམས་ནང་མང་པོ་ཞིག་འབྱར་བཞིན་ཡོད། གཙང་ཤོག་དང་། ས། རྡོ། རས་སོགས་ཀྱིས་ཕྱིས་ཀྱང་མང་པོ་ཞིག་ད་དུང་ལྷག་བཞིན་ཡོད། སྤུ་གསེང་དུ་ལྷག་པའི་ཆབ་ཆེན་རྣམས་སྐམ་པོ་ཆགས་པ་ལ་བརྟེན་ནས་བཤང་སྒོའི་སྤུ་མང་པོ་དུས་གཅིག་ཏུ་འཐེན་པ་དང་། དུས་ཡུན་རིང་པོར་འཐེན་པ་བཅས་ཀྱིས་ན་ཟུག་བསྐྱེད་པ་ཙམ་དུ་མ་ཟད། སྤུའི་རྩ་བར་གནོན་ཤུགས་མུ་མཐུད་དུ་ཐེབས་བཞིན་ཡོད། ནམ་ཞིག་ས་ཁུག་གཅིག་གི་སྤུ་ཉག་རེ་འགའ་དུས་མཉམ་དུ་བཀོག་དུས་སྐྱི་པགས་དཔྲལ་བ་དང་། དེ་ལ་བརྟེན་ནས་བཤང་སྒོར་གནས་བའི་འབུ་ཕྲ་མང་པོ་སྐྱི་པགས་ནང་རོལ་ཏུ་འཛུལ་བ་རེད། བཤང་སྒོའི་སྐྱི་པགས་ཕྱི་རོལ་ཏུ་གནས་པའི་འབུ་ཕྲ་རྣམས་ནང་རོལ་ཏུ་འཛུལ་དུས་དེས་ང་ཚོར་ནད་གཞི་མང་པོ་བསྐྱེད་སྲིད་པ་ཡིན།

བཤང་སྒོར་ན་ཟུག་འབྱུང་ཚད་གཞང་འབྲུམ་ཡིན་མིན་ངེས་པ་མེད། རྒྱ་གར་བ་ཚོས་དུས་རྒྱུན་ལུས་པོ་འཁྲུ། འོན་ཀྱང་། ཆབ་ཆེ་རེ་རེ་བཏང་རྗེས་ཁོང་ཚོས་བཤང་སྒོ་ཆུ་ཡིས་གཙང་མར་འཁྲུ་བ་རེད། གལ་སྲིད་ཁྱེད་ལ་བཤང་སྒོ་འཁྲུ་བའི་གོམས་གཤིས་མེད་ན་ཉིན་རེར་ལུས་པོ་འཁྲུ་དུས་གཙང་མར་འཁྲུ་བས་ཆོག གལ་སྲིད་ཉིན་རེར་ལུས་པོ་ལན་རེ་འཁྲུ་བའི་གོམས་གཤིས་དང་། ཆ་རྐྱེན་སོགས་གང་ཡང་མེད་ཚེ་བཤང་སྒོའི་སྤུ་མེད་པར་བཟོ་ཐབས་ཤིག་འཐེན་དགོས། རྩོམ་ཡིག་རྗེས་མའི་ནང་ང་ཚོས་བཤང་སྒོའི་སྤུ་གཙང་མ་བཟོ་ཐབས་གླེང་།

 

Leave a Reply

Your email address will not be published. Required fields are marked *