ཕན་ལས་གནོད་ཆེ་ན་རྩ་མེད་གཏོང་དགོས།

བཤང་སྒོའི་སྤུ་ནི་ཕན་ལས་གནོད་ཆེ་བའི་ལུས་ཀྱི་ཆ་ཤས་ཤིག་རེད། དེ་ཡིན་ལུགས་ཡིན་སྟངས་ང་ཚོས་རྩོམ་ཡིག་གོང་མའི་ནང་གླེང་ཟིན་པ་རེད། གལ་སྲིད་ཁྱེད་ཀྱིས་བཀླགས་མེད་ཚེ་གཞང་འབྲུམ་དང་ནོར་བའི་དཀའ་ངལ་ཅིག་ཟེར་བའི་དྲ་ཐག་འདིར་སྣུན་ནས་ཞིབ་ཀློག་གནང་རོགས།

དགོས་པ་ལྷག་པ་མེད་པའི་ལུས་ཀྱི་སྤུ་འདི་ཕོ་མོ་གཉིས་ཀར་མཚོན་ན་དཀའ་ངལ་བསྐྱེད་པའི་རྒྱུ་ཞིག་ཡིན། གསར་མོ་ཚོར་མཚོན་ན་རྐྱལ་གོས་(bikinis) གོན་དུས་མཚན་མའི་ཉེ་འཁོར་གྱི་སྤུ་ཙམ་དུ་མ་ཟད་བཤང་སྒོའི་སྤུ་ཡང་གཙང་བཞར་བྱེད་དགོས། དགོས་པ་མེད་པའི་སྤུ་འདི་དག་སྐྱེས་ཕོ་མོ་གཉིས་ཀར་ཡོད། སྐྱེས་མ་རྣམས་རང་བཞིན་གྱིས་གཙང་སྤྲར་དོ་སྣང་ཡོད་པས་བཤང་སྒོའི་སྤུས་བསྐྱེད་པའི་དཀལ་ངའ་དེ་སྐྱེས་པ་བསྡུར་ན་ཅུང་ཉུང་བ་ཡོད། བཤང་སྒོའི་སྤུ་ག་ཚོད་ཅིག་མཐུག་ན་དེའི་ཚོད་ཀྱིས་གཙང་ཤོག་མང་པོ་བཀོལ་དགོས་པ་དང་། ཆབ་ཆེན་བཏང་རྗེས་འདོམས་ནང་དྲི་ངན་མང་བ། དོར་མའི་སྟེང་ཆབ་ཆེན་ལྷག་པའི་སྣང་ཚུལ་འབྱུང་བ། ཆབ་ཆེན་སྐེམ་རྗེས་གཡས་གཡོན་གྱི་སྤུ་འཐེན་པ་སོགས་ཀྱིས་ན་ཟུག་དང་། ཐ་ན་བཤང་སྒོར་གཉན་ཁ་བསྐྱེད་པ་དང་པགས་ནད་བསྐྱེད་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་ཡོད། འདིས་མཚོན་པའི་རྒྱུ་མཚན་མང་དག་ཅིག་ལ་བརྟེན་ནས། ཁྱེད་ཀྱིས་བཤང་སྒོའི་སྤུ་རྣམས་གཙང་བཞར་བྱེད་ན་ལེགས། དེས་ན། དེ་རིང་ང་ཚོས་རང་བྱུང་གི་བྱེད་ཐབས་བཀོལ་ནས་བཤང་སྤུ་གཙང་སེལ་བྱེད་ཐབས་འགའ་བཤད།

རང་བྱུང་གི་བྱེད་ཐབས་བཀོལ་ནས་བཤང་སྒོའི་སྤུ་སེལ་བ།

བཤང་སྒོའི་སྤུ་གཙང་སེལ་བྱེད་པར་ཁྱེད་ཀྱིས་ཐབས་བཀོད་ཅི་ཞིག་འཐེན་རུང་། བཤང་སྒོའི་གཡས་གཡོན་གྱི་སྐྱི་པགས་རྣམས་ལུས་ཀྱི་ཆ་ཤས་གཞན་དང་བསྡུར་ན་ཚོར་བ་ཧ་ཅང་སྐྱེན་པོ་ཡོད་པ་མ་ཟད། འབུ་ཕྲས་ལས་སླ་བོ་སྒོ་ནས་གཉན་ཁ་བསྐྱེད་ཐུབ་པའི་དོན་དངོས་འདི་སེམས་ལ་འཛིན་དགོས། དེ་བས། བཤང་སྤུ་བཞར་བའི་སྐབས་བཤང་སྒོའི་མཐའ་སྐོར་ཏག་ཏག་དེར་ཕོག་ཐུག་གཏོང་མི་རུང་། བཤང་སྤུ་གཙང་སེལ་བྱེད་པ་ལ་གདམ་ག་མང་པོ་ཡོད་པ་ལས་ང་ཚོས་ཁྱེད་ལ་བདེ་འཇགས་དམིགས་སུ་འཛིན་པའི་བྱེད་ཐབས་འགའ་ངོ་སྤྲོད་བྱེད།

  1. འདྲེགས་གཅོད།

གལ་སྲིད་ཁྱེད་ཀྱི་བཤང་སྒོའི་སྤུ་རྣམས་འཁྱིལ་ནས་ཕྱོགས་ཕན་ཚུན་སྣོལ་མར་སྐྱེས་ཡོད་པ་དང་། དེར་ཆབ་ཆེན་རྡོག་རིལ་ཆུང་ཆུང་ལྷག་པ་ལྟ་བུ་ཡོད་ཚེ་ཁེ་གྲི་(scissor) ཆུང་ཆུང་ཞིག་བཀོལ་ནས་འདྲེགས་ན་ལེགས། ཐབས་འདི་བཀོལ་ན་ཞོར་སྐྱོན་མེད་པ་མ་ཟད། ཁྱེད་ཀྱིས་ཉིན་རེར་དང་བདུན་ཕྲག་རེའི་ནང་འདྲེགས་ཆོག དེ་ལྟ་ནའང་། བཤང་སྒོའི་ཚོར་བ་སྐྱེན་སའི་ཁོར་ཡུག་དེར་ཁེ་གྲི་སོགས་ཅ་ལག་རྣོན་པོའི་རིགས་བཀོལ་དུས་གཟབ་ནན་ཆེན་པོ་བྱེད་དགོས། གལ་སྲིད་ཁྱེད་ལ་བཤང་སྤུ་འདྲེགས་གཅོད་བྱེད་རོགས་མེད་པའམ། ཡང་ན་གཞན་ལ་རོགས་བྱེད་དུ་འཇུག་པར་དོགས་མི་བདེ་ན་མེ་ལོང་བཀོལ་ནས་རང་ངོས་ནས་འདྲེགས་ཆོག གལ་སྲིད་སྟབས་མ་ལེགས་པར་སྐྱི་པགས་པ་རྨས་སྐྱོན་བཟོས་ཚེ་ལམ་སེང་ཆུས་གཙང་མར་འཁྲུས་ནས་སྐེམ་པར་བྱོས།

 

  1. བཞར་བ།

གལ་གནད་ཆེ་བའི་དབང་པོ་ཁག་ཅིག་ས་ཁུལ་དེར་གནས་ཡོད་པས། བཤང་སྒོའི་སྤུ་བཞར་དུས་གཟབ་ནན་ཆེན་པོ་བྱེད་དགོས། སྤྱིར་བཏང་ཁ་སྤུ་བཞར་བར་ཝུ་སོབ་བསྐྱེད་པའི་འདགས་རྫས་ཡོད་པ་ལྟར། ཚོར་བ་སྐྱེན་པའི་བཤང་སྒོའི་གཡས་གཡོན་གྱི་སྤུ་བཞར་བར་ཡང་དམིགས་བསལ་གྱི་འདགས་རྫས་ཡོད། ཡིན་ན་ཡང་། གལ་ཆེ་ཤོས་ནི་འདགས་རྫས་མ་ཡིན་པར། བདེ་འཇགས་སྒོས་སྤུ་བཞར་རྒྱུ་དེ་ཡིན། བཤང་སྤུ་བཞར་དུས་གཤམ་གྱི་དོན་ཚན་འདི་དག་ངེས་པར་ཡིད་ལ་འཛིན་དགོས།

* རྫས་རིགས་འདྲ་མིན་མེད་པའི་འདགས་རྫས་ཀྱིས་ལག་པར་གཙང་མར་འཁྲུས་ནས་སྐེམ།

* འདོམས་ཀྱི་ས་ཁུལ་ཁག་ལེགས་པར་མཐོང་ཐུབ་པའི་མེ་ལོང་ཞིག་སྟབས་གང་བདེའི་ས་ཞིག་ཏུ་ཞོགས།

སར་བསྡད་ནས་བརླ་ཕྱོགས་གཅིག་ཡར་བཏེགས་ནས་འཕོང་ཚོས་ཕྱོགས་གཅིག་ནས་སྤུ་ལེགས་པར་བཞར་རྗེས་ཕྱོགས་གཞར་དེ་བཞར།

* བཞར་གྲུབ་རྗེས་བཤང་སྒོ་དང་འཕོང་ཚོས་ལེགས་པར་འཁྲུས་ནས་སྐེམ།

  1. རྩི་སྦྱོར།

རྩི་སྦྱོར་(waxing) ནི་འཕོང་ཚོས་གཡས་གཡོན་གཉིས་དང་། བཤང་ལམ་མ་ཡིན་པའི་ས་ཁུལ་གཞན་དུ་བྱུགས་ནས་སྤུ་སློག་འདོན་བྱེད་ཆོག རྩི་སྦྱོར་ནི་སྐྱེས་མ་ཚོས་མཆན་སྤུ་དང་། རྐང་ཡུའི་སྤུ་སོགས་འདོན་པར་རྒྱུན་བཀོལ་བྱེད་པ་ཞིག་ཡིན་ལ། དེར་སྤུ་ཡོད་སའི་སྐྱི་པགས་སྟེངས་རྩི་སྦྱོར་ལེགས་པར་བྱུགས་རྗེས་སྟེང་དུ་ཤོག་བུ་མཁྲེགས་པོ་ཞིག་གཡོགས་ནས་རྩི་སྦྱོར་དང་ལེགས་པར་སྦྱར། དེ་ནས་ཡར་འཐེན་དེ་སྤུ་འདོན་པའི་བྱེད་ཐབས་ཤིག་ཡིན། རྩི་སྦྱོར་ནི་ཞགས་སྒྲོན་ནམ། ལ་ཆ་སོགས་ཀྱིས་ལས་སྣོན་བྱས་པ་ཞིག་ཡིན་པས་དེ་ལུས་སྟེང་དུ་མ་བསྐུས་སྔོན་ལ་ཚ་བོ་བཟོས་ནས་བཞུས་དགོས། དེ་བས། རྩི་སྦྱོར་གྱི་བྱེད་ཐབས་འདི་ང་ཚོར་འཚམས་ཤོས་དེ་མིན་པ་མ་ཟད། རང་ངོས་ནས་ལས་ཐུབ་པ་ཞིག་ཀྱང་མིན། འདི་ལ་ཞོར་སྐྱོར་ཡང་མང་།

ཁྲོམ་རྭའི་ནང་འདོམས་སྤུ་བཞར་ཆས་དང་། བྱུགས་སྨན། སྦྱོར་རྩིའམ་རྩི་སྦྱོར། འདགས་རྫས་སོགས་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་། དེ་དག་ཚང་མ་ལས་སྟབས་བདེ་ཞིང་། ཞོར་སྐྱོན་མེད་པ། འགྲོ་སོང་མེད་པ་ནི་གོང་དུ་ངོ་སྤྲོད་བྱས་ཡོད་པའི་རང་བྱུང་གི་བྱེད་ཐབས་ཨང་དང་པོ་དང་གཉིས་པ་གཉིས་ཡིན། ཡིད་ལ་ངེས་དགོས་པ་ཞིག་ནི། བཤང་སྒོ་ནི་ལུས་ཀྱི་སྒོ་གཅིག་དྲུག་ནང་གི་གཅིག་ཡིན་ལ། སྒོ་དེའི་མཐའ་རུ་སྒོ་སྲུང་བ་ལྟ་བུའི་རང་བྱུང་གི་འབུ་ཕྲའི་གྲོང་ཁྱེར་ཞིག་ཡོད། དེའི་བདེ་འཇགས་ནི་ཁྱོད་རང་ཉིད་ཀྱི་བདེ་འཇགས་ཡིན་པས། བཤང་སྒོ་གཙང་མར་ཉར་རྒྱུ་ནི་ཁྱོད་ལ་འཕྲི་བའི་ལས་འགན་ཡིན།

Leave a Reply

Your email address will not be published. Required fields are marked *