འགྱུར་བའི་གཅིན་སྙི་ཟ་ཁུ།

འདྲེ་རིག་ལྡན། འགྱུར་བའི་གཅིན་སྙི་ཟ་ཁུའམ། ཡང་ན་གཅིན་སྙི་ཟ་ཁུར་འགྱུར་ཉེན་གྱི་གནས་བབ་འདིར་མི་ཞིག་གི་ཁྲག་ལམ་ལ་རྒྱུན་ལྡན་གྱི་ཚད་ལས་བརྒལ་བའི་མངར་ཆ་མངོན་ཡོད་ཀྱང་། གཅིན་སྙི་ཟ་ཁུ་རིགས་གཉིས་པར་ངོས་འཛིན་རུང་བའི་ཚད་གཞིར་ད་དུང་སླེབས་མེད།

ནད་གཞི་འདི་ཁྱབ་ཚད་ཧ་ཅང་ཆེ།

  • ཨ་རིར་མཚོན་ན་འགྱུར་བའི་གཅིན་སྙི་བྱུང་ཚད་ལོ་རེར་མི་ས་ཡ་གསུམ་ལྷག་ཡིན།
  • སྨན་པའི་ལམ་སྟོན་འོག་གསོ་བཅོས་རུང་བ་ཡིན།
  • བརྟག་དཔྱད་བརྒྱུད་ནས་ནད་གཞི་ངོས་འཛིན་བྱེད་དགོས།
  • བརྟག་དཔྱད་ལ་ཁྲག་བཤེར་རམ་བརྙན་ཕབ་སོགས་མཁོ།
  • སྙུན་ཡུན། དུས་ཡུན་ལོ་གཅིག་གམ་མི་ཚེ་ཧྲིལ་བོར་གནས་པའང་ཡོད།

འགྱུར་བའི་གཅིན་སྙི་ཟ་ཁུ་ཡོད་པ་ཤེས་ན་མྱུར་དུ་སྨན་བཅོས་བདག་སྐྱོང་བྱེད་དགོས། སྨན་བཅོས་དང་བདག་སྐྱོང་མ་བྱེད་ཚེ་ལོ་ངོ་བཅུའི་ནང་ཁུལ་གཅིན་སྙི་ཟ་ཁུ་རིགས་གཉིས་པའི་ངོ་བོར་འཕེལ་བ་ཡིན།

འགྱུར་བའི་གཅིན་སྙི་ཟ་ཁུ་ཡོད་མཁན་ཕལ་ཆེ་བར་ནད་རྟགས་གང་ཡང་མེད།

འགྱུར་བའི་གཅིན་སྙི་ཟ་ཁུ་ནས་གཅིན་སྙི་ཟ་ཁུ་རིགས་གཉིས་པར་འགྱུར་བ་འདི་སྔོན་འགོག་བྱེད་མི་ཐུབ་པ་ཞིག་མིན། ཟས་སྤྱོད་ཀྱིས་མཚོན་པའི་འཚོ་བ་རོལ་སྟངས་ལ་བཅོས་སྒྱུར་བྱེད་པ་དང་། ལུས་ཀྱི་ལྗིད་ཚད་དོ་སྙོམས་པོར་ཉར་བ། སྨན་བསྟེན་པ་བཅས་ཀྱིས་འགྱུར་བའི་གཅིན་སྙི་ཟ་ཁུར་སྟངས་འཛིན་དང་ཁྲག་གི་མངར་ཆ་རྒྱུན་ལྡན་དུ་འགྱུར་ཐུབ།

འགྱུར་བའི་གཅིན་སྙི་ཟ་ཁུ་འདི་སུ་ལ་འབྱུང་ཉེན་ཆེའམ།

རྒན་དར་གཞོན་གསུམ་སུ་ལའང་ཕོགས་ཉེན་ཡོད། དམིགས་བསལ་གྱིས་ལོ་བཅུ་དགུ་ཡན་དང་། དེ་བས་ཀྱང་ལོ་བཞི་བཅུ་ཡན་ལ་འབྱུང་བ་ཧ་ཅང་མང་།

ནད་རྟགས།

ནད་རྟགས་ངོས་འཛིན་བྱེད་པར་ངེས་པར་སྨན་ཁང་ནས་བརྟག་དཔྱད་བྱེད་དགོས། མི་མང་པོ་ཞིག་ལ་འགྱུར་བའི་གཅིན་སྙི་ཡོད་ཀྱང་ནད་རྟགས་མི་མངོན།

རྒྱུན་མཐོང་གི་ནད་རྟགས་རིགས་ཁ་ཤས་ནི། ལུས་པོ་སྤྱིར་མངོན་པ། ལྟོགས་སྣང་ཚོད་མེད་སྐྱེ་བ། སྐོམ་སྣང་ཚོད་མེད་སྐྱེ་བ། ངལ་དུབ་ཆེ་བ། གཞན་ཡང་། གཅིན་ཡང་ཡང་འབབ་པ་དང་། ལུས་ཀྱི་ལྗིད་ཚད་འཕེར་བ་བཅས་ཡིན།

གོང་གི་ནད་རྟགས་འདི་དག་མངོན་དུས་མྱུར་དུ་སྨན་པར་བསྟེན་ན་གཅིན་སྙི་ཟ་ཁུ་རིགས་གཉིས་པ་སྔོན་འགོག་བྱེད་ཐུབ།

བཅོས་ཐབས། ན་ཚ་ཚང་མར་སྨན་གཅིག་པུས་མི་ཆོག

འགྱུར་བའི་གཅིན་སྙི་ནས་གཅིན་སྙི་ཟ་ཁུ་རིགས་གཉིས་པར་འཕེལ་བ་དེ་སྔོན་འགོག་མི་ཐུབ་པ་ཞིག་མིན། ཟས་སྤྱོད་བསྟེན་ཚུལ་དང་། འཚོ་བའི་གོམས་གཤིས་ལ་བཅོས་སྒྱུར། ལུས་ཀྱི་ལྗིད་ཚད་སྙོམས་པོར་ཉར་བ། སྨན་བསྟེན་པ་བཅས་ཀྱིས་འགྱུར་བའི་གཅིན་སྙི་ཟ་ཁུར་སྟངས་འཛིན་དང་ཁྲག་གི་མངར་ཆ་རྒྱུན་ལྡན་དུ་འགྱུར་ཐུབ།

སྨན་པར་བློ་དྲིས།

ཁུངས། ཨ་རིའི་གཅིན་སྙི་ཐེབས་རྩ། (American Diabetes Association)

གལ་གནད་ཆེ་བའི་དྲི་བ་ལྔ།

  1. གཅིན་སྙི་ཟ་ཁུ་རིགས་གཉིས་པ་འབྱུང་བའི་ཉེན་ཁ་ཉུང་འཕྲི་བྱེད་པར་ངས་ཅི་ཞིག་བྱེད་དགོས་སམ།

འཚོ་བའི་གོམས་གཤིས་ལ་བཅོས་སྒྱུར་ཞིབ་ཚགས་གཏོང་བ་དང་། ལུས་ཀྱི་ལྗིད་ཚད་བརྒྱ་ཆ་བདུན་ཙམ་མར་ཆག་པར་བྱེད་པ་བཅས་ཀྱིས་གཅིན་སྙི་ཟ་ཁུ་རིགས་གཉིས་པ་འབྱུང་རྒྱུའི་ཉེན་ཁ་བརྒྱ་ཆ་ལྔ་བཅུ་བརྒྱད་བར་ཉུང་འཕྲི་བྱེད་ཐུབ།

      2. ལུས་རྩལ་ག་ཚོད་ཅིག་རྩེད་དགོས་སམ།

བདུན་ཕྲག་རེར་དུས་ཡུན་ཆུ་ཚོད་གཉིས་དང་ཕྱེད་ཀ་(ཉིན་རེར་ཆུ་ཚོད་ཕྱེད་ཀ་ཙམ་)ཙམ་ལ་ཚད་རན་པའི་ལུས་རྩལ་དཔེར་ན་འདུར་རྒྱུགས་བྱེད་པ་ལྟ་བུ་བྱེད་ཆོག

     3. འགྱུར་བའི་གཅིན་སྙི་བཅོས་པར་སྨན་བསྟེན་རྒྱུ་ཡོད་དམ།

སྨན་པའི་ལམ་སྟོན་འོག་ཕྱི་སྨན་metformin ལྟ་བུས་མཚོན་པའི་སྨན་གྱིས་གཅིན་སྙི་ཟ་ཁུ་རིགས་གཉིས་པར་འཕེལ་བའི་ཉེན་ཁ་བརྒྱ་སུམ་བཅུ་སོ་གཅིག་ཙམ་ཉུང་འཕྲི་བྱེད་ཐུབ།

     4. ངས་metformin བསྟེན་འོས་སམ།?

གལ་སྲིད་ཁྱེད་རང་ལོ་ན་དྲུག་ཅུའི་འོག་ཏུ་ཡོད་པ་དང་། ལུས་ཀྱི་ལྗིད་ཚད་ཚད་བརྒལ་ཡིན་པ། མངལ་ཆགས་པའི་སྐབས་སུ་གཅིན་སྙི་ཟ་ཁུ་མངོན་པ་(སྦྲུམ་སྲིང་གཅིན་སྙི་)བྱུང་ཡོད་ན་ཕྱི་སྨན་Metformin གྱིས་གཅིན་སྙི་ཟ་ཁུ་སྔོན་འགོག་བྱེད་ཐུབ་སྲིད།

     5. གལ་སྲིད་ང་ལ་འགྱུར་བའི་གཅིན་སྙི་ཟ་ཁུ་ཡོད་ན་དུས་རྒྱུན་ཁྲག་གི་མངར་ཆར་བརྟག་དགོས་སམ།?

མི་དགོས། འོན་ཀྱང་། ཁྱེད་ཀྱི་སྨན་པས་ལོ་རེའི་ནང་ཁྲག་བཤེར་བརྒྱུད་A1c ལ་བྱ་ར་བྱེད་ན་འོས།

རང་གཅེས་རང་སྐྱོང་།

ལུས་སྦྱོང་།

བདུན་ཕྲག་རེར་ཉིན་ལྔའི་རིང་སྙིང་རྩའི་རྩལ་སྦྱོང་(Aerobic activity) ༼དུས་ཡུན་ངེས་ཅན་ཞིག་ལ་རྒྱུན་སྲིང་ནས་གོམ་བགྲོད་དང་། ལྕགས་རྟར་ཞོན་ནས་བགྲོད་པ། གྲུ་སྐྱ་རྒྱག་པ། ཆུར་བརྐྱལ་བ་སོགས་ཀྱིས་མཚོན་པའི་ལུས་སྦྱོང་གི་སྤྱི་མིང་ཞིག་ཡིན། ལུས་རྩལ་འདིས་ཚོད་རན་པའི་སྒོ་ནས་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་གཏོང་བ་དང་། ཁྲག་རྩའི་ལམ་དུ་ཁྲག་རྒྱུག་ཚད་ཇེ་མང་དུ་སོང་བ་དེས་འཚོ་རླུང་སྐྱེལ་ཚད་ཇེ་མཐོར་གཏོང་བ་ཡིན་པས། དུས་རྒྱུན་འགུལ་སྐྱོད་མ་ཐེབས་སའི་ཤ་རྒྱུས་དག་ཏུ་འཚོ་རླུང་སྐྱེལ་བ་རེད། ལུས་སྦྱོང་འདིས་སྙིང་དང་ཁྲག་རྩ། གློ་བ་བཅས་པར་དམིགས་བསལ་གྱིས་ཕན།༽་དུས་ཡུན་སྐར་མ་ཉི་ཤུ་ནས་སུམ་ཅུ་ཙམ་རྩེས་པ་ཡིན་ན་དེས་ཁྱེད་ཀྱི་སྙིང་རྩའི་བདེ་ཐང་ལ་ཕན།

ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན།

ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ་ཡིན་ན་དེས་ཀྱང་སྙིང་རྩའི་བདེ་ཐང་ལ་གོང་མཐོར་གཏོང་བ་མ་ཟད། ཚད་བརྒལ་རྒྱགས་པ་ཆགས་པའི་ཞོར་སྐྱོན་མང་པོར་སྔོན་འགོག་བྱེད་ཐུབ།

འདུས་བཅུད་ཉུང་བའི་ཟས་རིགས་བསྟེན་པ།

འབྲུ་རིགས་དང་། བག་ཚི་ཅན་གྱི་སྔོ་ཚོད་རིགས་ཤིང་ཏོག་བཅས་པ་ཉུང་འཕྲི་དང་། སྤྲི་རྫས་མོད་པའི་ཟས་རིགས་བསྟེན་རྒྱུ་གཙོ་བོར་འཛིན་དགོས།

སྔོ་རིགས་བསྟེན་པ།

ཚིལ་ཞགས་ཉུང་བའི་ཟས་རིགས་བསྟེན་པ། གཅིན་སྙི་ནད་པའི་ཟས་སྤྱོད་བསྟེན་ཚུལ་ལ་དོ་སྣང་བྱེད་པ་བཅས་ཀྱིས་སྙིང་རྩའི་བདེ་ཐང་དང་། ཁྲག་གི་མངར་ཆར་ཚོད་འཛིན་བྱེད་དགོས།

མངར་ཆུའི་རིགས་དང་ཐ་མག་སྤོང་བ། ཝུ་ཆང་དང་ཆང་དམར་སོགས་མངར་ཤས་ཆེ་བའི་སྤོང་བ་བཅས་ཀྱིས་ཁྲག་གི་མངར་ཆར་ཚོད་འཛིན་བྱེད་ཐུབ།

ཆེད་ལས་སྨན་པ་སུ་ལ་བསྟེན་དགོས་སམ།

ནང་རྨེན་མ་ལག་ཆེད་མཁས་པ།    ཟས་རིགས་འཇུ་བ་དང་བཅུད་ཀྱི་ངོ་བོར་བསྒྱུར་བའི་བརྒྱུད་རིམ་དང་། ཧོན་མོན་སྐུལ་རྫས་ཀྱི་བྱེད་ལས་ཉམས་པ་གསོ།

འཚོ་བཅུད་རིགས་པ་བ།   ཟས་རིགས་བསྟེན་ཚུལ་ལམ་སྟོན་བྱེད།

གཞི་བརྟེན་སྨན་པ།   སྔོན་འགོག་དང་། ནད་བརྟག གསོ་བཅོས་སོགས་བྱེད།

རྩོམ་ཡིག་འདི་གློག་དེབ་ཏུ་ཕབ་ལེན་བྱེད་འདོད་ན་འདིར་སྣུན། 

Prediabetes

Leave a Reply

Your email address will not be published. Required fields are marked *