མིའི་རིགས་རྩ་སྟོང་འགྲོ་ཉེན་འདུག་ཟེར།

སྤྱི་ལོ་༢༠༡༧ ལོའི་ཟླ་༧ ཚེས་༢༥ ཉིན། བྷིས་བྷིས་སིས་རྒྱལ་སྤྱིའི་འཕྲོད་བསྟེན་གསར་འགྱུར་ཚན་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ལོ་1973 ནས་2011 ལོའི་བར་གྱི་ལོ་བཞི་བཅུ་མ་ཟིན་ཙམ་རིང་སྡེ་ཁག་དང་རྒྱལ་ཁབ་མི་འདྲ་བ་ནས་ཞིབ་འཇུག་200 ལྷག་བྱས་ཡོད་པའི་གྲུབ་དོན་ཁག་གིས་བསྟན་པ་ལྟར་ན་བྱང་ཨ་རི་དང་། ཡུ་རོབ། ཨོ་ཟི་ཁྲུ་རེ་ལི་ཡཱ་སོགས་ཀྱི་ཕོ་ཡི་ཁམས་དཀར་ཕྲ་ཕུང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཞིང་། འདས་པའི་ལོ་ངོ་བཞི་བཅུ་མ་ཟིན་ཙམ་རིང་ས་ཁུལ་དེ་དག་གི་ཕོའི་ཁམས་དཀར་ཕྲ་ཕུང་ཕྱེད་ཙ་ཉུང་འཕྲི་བྱུང་ཡོད།

སྨན་པ་རྣམས་ཀྱིས་ཞིབ་འཇུག་གྲུབ་དོན་དེ་དག་ཕྱོགས་སྡོམ་བྱས་ནས་སྡོམ་ཚིག་བཀོད་པ་ལྟར་ན། གལ་སྲིད་ཁམས་དཀར་ཕྲ་ཕུང་ཉུང་འཕྲིར་འགྲོ་ཚད་འདི་མུར་གནས་པ་ཡིན་ན། མི་རིང་བར་འཇིག་རྟེན་འདི་ནས་མིའི་རིགས་རྩ་སྟོང་དུ་འགྲོ་རྒྱུ་རེད་ཟེར།

མཁས་པ་ལ་ལས་ཞིབ་འཇུག་གྲུབ་དོན་འདིར་ཡིད་གཉིས་ཐེ་ཚོམ་བྱེད་ཀྱིན་ཡོད་ཀྱང་། ཞིབ་འཇུག་སྣེ་ཁྲིད་པ་དང་སྨན་པ་ཧཱ་གྷེ་ (Dr. Hagai Levine)ལགས་ཀྱིས་གནས་བབ་འདི་མ་འོངས་པར་ཅི་ཞིག་ཏུ་འགྱུར་རམ་སྙམ་ན་”བློ་འཚབ་ཆེན་པོ་”སྐྱེ་བཞིན་འདུག་ཟེར།

ཉུང་འཕྲིའི་ཚད་འཕར་བཞིན་པ།

སྨན་པ་ཧཱ་གྷེ་ (Dr. Hagai Levine)ལགས་ཀྱིས་”གལ་སྲིད་ང་ཚོས་རང་ཉིད་ཀྱི་འཚོ་བ་སྐྱེལ་ལུགས་དང་། ཁོར་ཡུག དུས་རྒྱུན་རྫས་རིགས་སྣ་ཚོགས་པར་འདྲེས་བཞིན་པའི་སྣང་ཚུལ་འདི་དག་ལ་བཅོས་སྒྱུར་མ་བྱས་ན། མ་འོངས་པའི་ཅི་ཞིག་འབྱུང་ངེས་པར་བློ་འཚབ་ཆེན་པོ་སྐྱེ་བཞིན་འདུག་”ཟེར།

“རིམ་བཞིན་ང་ཚོར་མིའི་སྐྱེ་འཕེལ་སྤྱིར་དཀའ་ངལ་ཞིག་འཕྲད་སྲིད་པ་རེད། གཅིག་བྱས་ན་དེ་ནི་འགྲོ་བ་མིའི་རིགས་རྩ་སྟོང་དུ་འགྲོ་རྒྱུ་དེ་ཡིན་སྲིད།”

ཞིབ་འཇུག་འདིར་འབྲེལ་བ་མེད་པའི་ཚན་རིག་པ་ཚོས་ཞིབ་འཇུག་འདིའི་ཞིབ་ཚགས་རང་བཞིན་ལ་བསྟོད་བསྔགས་བྱས་འདུག་ཀྱང་། མིའི་རིགས་རྩ་སྟོང་དུ་འགྲོ་ཉེན་འདུག་ཟེར་བའི་མཇུག་སྡོམ་དེ་ཅུང་སྔ་དྲགས་པའི་བསམ་ཚུལ་བསྟན།

ཨིས་ཛི་རལ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཇུའུ་རིའི་ཟི་ལམ་ནང་ཡོད་པའི་ཧིས་བྷིརུའུ་གཙུག་ལག་སློབ་གཉེར་ཁང་གི་སྨན་པ་ཧཱ་གྷེ་(Dr. Hagai Levine)ལགས་ཀྱིས་བྱང་ཨ་རི་དང་། ཡུ་རོབ། ཨོ་ཟི་ཁྲུ་རེ་ལི་ཡཱ། ནིའུ་ཛིས་ལན་ཌི་སོགས་ཀྱི་སྐྱེས་པ་སྤྱིའི་ཁུ་བའི་འདུས་ཚད་བརྒྱ་ཆ་52.4% ཉུང་འཕྲིར་སོང་པ་དང་། ཁུ་བའི་ནང་གི་ཁམས་དཀར་ཕྲ་ཕུང་འདུས་ཚད་བརྒྱ་ཆ་59.3% ཉུང་འཕྲིར་སོང་འདུག་ཟེར། ཞིབ་འཇུག་གྲུབ་དོན་འདིས་ད་དུང་གོང་གི་ས་གནས་འདི་དག་ཏུ་སྡོད་མཁན་གྱི་སྐྱེས་པའི་ཁམས་དཀར་ཉུང་འཕྲི་འགྲོ་ཚད་མུ་མཐུད་ནས་ཐུར་དུ་འགྲོ་བཞིན་པ་མ་ཟད། ཉུང་འཕྲི་བྱུང་ཚད་ཇེ་མགྱོགས་ཡིན་པའང་སྲིད་ལུགས་བསྟན་འདུག

ལྷོ་ཨ་མི་རི་ཀ་དང་། ཨེ་ཤ་ཡ། ཨ་ཧྥི་རི་ཀ་སོགས་སུ་ཞིབ་འཇུག་བྱས་པའི་གྲུབ་དོན་ཁག་གིས་ས་ཁུལ་དེ་དག་གི་ཁམས་དཀར་ཉུང་དུ་འགྲོ་བཞིན་སྣང་ཚུལ་མངོན་གསལ་བ་ཅི་ཡང་རྙེད་མེད། འོན་ཀྱང་། ཞིབ་འཇུག་པ་ཚོས་དེ་ནི་གླིང་ཆེན་དེ་དག་ནང་ཞིབ་འཇུག་རེ་ཟུང་ལས་གཞི་རྒྱ་ཆེ་བའི་ཞིབ་འཇུག་བྱས་མེད་པས་རྐྱེན་གྱིས་རེད་ཟེར་ཞིང་། དོན་ལ་སྐྱེས་པའི་ཁམས་དཀར་ཉུང་དུ་འགྲོ་བཞིན་པའི་སྣང་ཚུལ་འདི་གང་སར་བྱུང་དང་འབྱུང་བཞིན་ཡོད་པར་འདོད།

ཁམས་དཀར་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་འདིར་ཡིད་གཉིས་ཐེ་ཚོམ་འཛིན་མཁན་ཚོས་ཁམས་དཀར་ཕྲ་ཕུང་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་འདི་གསར་ཤོག་དང་དྲ་ཚིགས་སོགས་སུ་སྤེལ་མཁན་མང་པོ་འབྱུང་བའི་གནས་ལུགས་དེ་དང་། དེ་བཞིན་ཞིབ་འཇུག་པ་ཚོས་ཁམས་དཀར་ཕྲ་ཕུང་ཉུང་བའི་དཀའ་ངལ་ཅན་དག་དམིགས་སུ་བཟུང་ནས་ཞིབ་འཇུག་བྱས་པ་སོགས་ཀྱིས། ཁམས་དཀར་ཉུང་འཕྲིའི་གནས་ཚུལ་འདི་གྲགས་ཆེ་བ་དང་། གྲུབ་དོན་གྱི་སྣང་ཚུལ་འདི་འདྲ་བྱུང་བ་མིན་ནམ་སྙམ་བཞིན་ཡོད།

ཞིབ་འཇུག་གྲུབ་དོན་འདིར་ཡིད་ཆེས་བློ་འགེལ་བྱེད་པར་དཀའ་ངལ་གཞན་ཞིག་ཡོད་པ་ནི་དང་ཐོག་ཁམས་དཀར་ཕྲ་ཕུང་གི་གྲངས་ཚོད་དཔག་བྱས་པ་དེ་ཏག་ཏག་བྱུང་ཡོད་མེད་དེ་རེད།

གང་ལྟར་ཀྱང་། འདས་པའི་ལོ་ཤས་ནང་ཁམས་དཀར་ཕྲ་ཕུང་ཐད་ཞིབ་འཇུག་ཆེ་ཆུང་མང་པོ་ཞིག་བྱས་ཡོད་པ་དང་། དེ་དག་ལས་མང་ཤོས་ཀྱིས་ཁམས་དཀར་ཕྲ་ཕུང་གི་བདེ་ཐང་དང་། གྲངས་འབོར། སྤུས་ཚད་བཅས་ལ་ལོ་ཚོད་ལས་གཞན་པའི་ཤུགས་རྐྱེན་སྤྲོད་མཁན་ཞིག་ཡོད་པ་ཁས་ལེན་བྱེད་ཀྱིན་ཡོད། དེ་དག་ནི་ཐ་མག་དང་། ཚད་བརྒལ་རྒྱགས་པ་ཆགས་པ། ལུས་རྩལ་མེད་པའམ་ལུས་ཤུགས་མི་བཀོལ་བ། དུས་ཡུ་་རིང་པོར་བརྙན་འཕྲིན་བལྟས་ནས་སྡོད་པ། རང་བྱུང་མ་ཡིན་པའི་ཟས་རིགས་སྣ་ཚོགས་ཟོས་པ་སོགས་ཡིན།

གསར་འགྱུར་འདི་བྷིས་བྷིས་སིས་འཕྲོད་བསྟེན་ཚན་ཁག་གིས་སྤེལ་བའི་གསར་འགྱུར་ལ་གཞི་བཅོལ་ནས་བྲིས།

http://www.bbc.com/news/health-40719743

Leave a Reply

Your email address will not be published. Required fields are marked *