ལྷོ་ཀོ་རི་ཡའི་མི་འབོར་ཉམས་རྒུད།

འདས་པའི་ལོ་ཤས་ནང་གཞུང་ཕྱོགས་ནས་མི་འབོར་འཕེལ་རྒྱས་ཐད་སྲིད་ཇུས་བཟུང་ནས་ཤུགས་སྣོན་རྒྱག་མིན་ལ་མ་བལྟོས་པར། ལྷོ་ཀོ་རི་ཡའི་ད་ལོའི་ཕྲུ་གུ་སྐྱེ་ཚད་ལོ་རྒྱུས་ཐོག་གི་དམའ་ཤོས་ཆགས་ཡོད། འདི་ལོར་བྱིས་པ་གསར་པ་360000 ཙམ་ལས་སྐྱེ་རྒྱུ་མེད་པས། ལོ་ན་རྒས་བཞིན་པའི་མི་འབོར་གྱི་གྲངས་འབོར་དེས་རྒྱལ་ཁབ་སྤྱིའི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ངེས་པའི་སེམས་འཚབ་བསྐྱེད་བཞིན་ཡོད། གཞུང་ཕྱོགས་ནས་བྱིས་པ་གསར་སྐྱེ་ཉུང་བའི་ངན་ཁག་དེ་གཞོན་ནུ་ལས་མེད་མང་སོང་བར་འགེལ་བཞིན་ཡོད་ཀྱང་། བཟའ་ཚང་ཚོས་བྱིས་པ་གསར་སྐྱེ་ཉུང་བའི་ངན་ཁག་དེ་ཁང་གླ་དང་། སློབ་གྲའི་སློབ་ཡོན་སོགས་ཚུད་པའི་འཚོ་བའི་འགྲོ་གྲོན་ཇེ་མཐོར་འགྲོ་བཞིན་པའི་གནས་སྟངས་དེར་འགེལ་ཞིང་། འགྲོ་གྲོན་ཉིན་རེ་བཞིན་འའཔེལ་བཞིན་པའི་གནས་བབ་འདིར་ཁྱིམ་ཚང་ཆེན་པོ་གསོ་སྐྱོང་བྱེད་ཐབས་མེད་པ་ཞིག་རེད་ཟེར།

བྷིས་བྷིས་སིས་རྒྱལ་སྤྱིའི་གསར་འགྱུར་གྱི་ཨེ་ཤ་ཡའི་གླིང་གི་རྩོམ་སྒྲིག་པ་ཟེ་ལིས་ཡཱ་ ཧེ་ཋོན་(Celia Hatton) གྱིས་བཤད་པ་ལྟར་ན། “བྱིས་པ་བཙས་རྗེས་གུང་གསེང་དུས་ཡུན་ཐུང་བའི་སྲིད་ཇུས་དེ་དང་། སྐྱེས་པ་ཚོས་ཁྱིམ་ལས་ཙག་ཙིག་བྱེད་རྒྱུར་ངོ་རྒོལ་བྱེད་པའི་གླེན་རྟགས་སོགས་སྐྱེས་མ་ཚོར་མཚོན་ན་སེམས་ཁྲལ་འཐོལ་བ་ཞིག་ཡོད་པ་རེད་”ཟེར།

ལོ་འཁོར་གཅིག་ནང་བྱིས་པ་གསར་པ་སྐྱེས་ཚད་འབུམ་བཞི་ལས་ཉུང་བ་འདི་འདྲ་བྱུང་བ་ཐོག་མ་ཆགས་ཡོད། འདས་པའི་ལོ་ངོ་བཅུའི་ནང་ལྷོ་ཀོ་རི་ཡའི་གཞུང་གིས་ཨ་སྒོར་ཐེར་འབུམ་བདུན་བཅུ་(70,000,000,000) ཙམ་གྱི་འགྲོ་སོང་བཏང་ནས་བྱིས་པ་གསར་སྐྱེས་ལ་བྱ་དགའ་སྤྲོད་པ་དང་། ཕ་རྒན་ལ་ཕོགས་ཡོད་གུང་གསེང་སྤར་བ། མངལ་སྦྲུམ་པ་ལ་སྨན་བཅོས་སོགས་དགོས་ཚེ་གཞུང་གིས་འགྲོ་སོང་བཏང་བ་སོགས་ཀྱིས་གྲངས་འབོར་སྤར་ཐབས་བྱས་ཡོད།

གཞུང་ཕྱོགས་ཀྱིས་བྱིས་པ་གསར་སྐྱེ་ཉུང་བ་འདིས་མ་འོངས་པར་ལས་ཀར་ཞུགས་མཁན་གྱི་མི་འབོར་དེ་ལོ་ན་རྒས་པའི་མི་འབོར་གྱི་གྲངས་ཚད་ལས་ཉུང་བར་འགྱུར་ནས། རྒན་པའི་རོགས་སྐྱོར་འགྲོ་གྲོན་ཇེ་མཐོར་སོང་ནས་རྒྱལ་ཁབ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུར་སེམས་འཚབ་བྱེད་བཞིན་ཡོད།

སྤྱི་ལོ་2016 ལོའི་ལྷོ་ཀོ་རི་ཡའི་འཆི་ཚད་དེ་མི་གྲངས་ཆིག་སྟོང་ནས་ 5.8 ཙམ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད། ཚིག་གཞན་ཞིག་གིས་བཤད་ན་2016 ལོར་ལྷོ་ཀོ་ར་ནས་མི་གྲངས་ 295000 ཙམ་འདས་གྲོངས་སུ་སོང་ཡོད་པའི་སྔོན་དཔག་བྱེད་བཞིན་ཡོད།

མིག་སྔར་ལྷོ་ཀོ་རི་ཡའི་མི་འབོར་ས་ཡ་ལྔ་བཅུ་ལྷག་ཙམ་ཡིན

མིག་སྔའི་བོད་ཀྱི་མི་འབོར་གསར་སྐྱེས་དང་འཆི་ཚད་གཉིས་ལས་འཆི་ཚད་མཐོ་བ་ཡོད་པའི་སེམས་འཚབ་སྐྱེ་གཞིའི་དོན་དངོས་ཤིག་ངོ་ཐོག་ཏུ་ཤར་ཡོད་ཀྱང་། གནད་དོན་འདི་ད་དུང་ཡང་ང་ཚོའི་གླེང་གཞི་ཞིག་ཏུ་གྱུར་མེད་པ་ཅིའི་ཕྱིན་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *