སྙིང་རྩར་ལྕགས་སྦུག་འཛུགས་པ།

ལྕགས་སྦུག་ཟེར་བ་ཅི་ཞིག་ཡིན་ནམ།

སྙིང་རྩའི་ནད་དང་འབྲེལ་བའི་གསོ་བཅོས་སྐབས་ལྕགས་སྦུག་བཀོལ་དགོས་ས་ཞིག་ཡོད་ཅིང་། སྐབས་དེར་ལྕགས་སྦུག་ཟེར་བ་ནི་ལྕགས་སྐུད་ལས་གྲུབ་པའི་སྦུ་གུ་ཧ་ཅང་ཕྲ་བོ་ཞིག་ལ་གོ་བ་རེད།

ང་ཚོའི་ལུས་ཀྱི་ཁྲག་རྩ་རྣམས་སྦོམ་ཕྲ་སྣ་ཚོགས་པ་ཡིན་ལ། རྩ་ལམ་དེ་དག་ཏུ་ཁྲག་རྒྱུགས་པ་རེད། གལ་སྲིད་ཁྲག་ལམ་དུ་ཚིལ་ཞགས་དང་། ཁྲག་ལིང་སོགས་བྱུང་པ་ཡིན་ན། ཚིལ་ཞགས་རྣམས་ཁྲག་རྩའི་སྦུག་ལམ་དུ་འབྱར་ཞིང་། ཁྲག་རྩའི་སྦུག་ལམ་གུ་དོག་པོ་བཟོ་བ་རེད། གལ་སྲིད་ཁྲག་རྩའི་སྦུག་ལམ་ཇེ་ཆུང་དུ་ཕྱིན་པ་ཡིན་ན་ཁྲག་རྒྱུགས་རྒྱུར་དཀའ་ངལ་འཕྲད་པ་དང་། གནས་སྐབས་དེར་མི་རྣམས་ལ་ཁྲག་ཤེད་མཐོ་བའི་སྣང་ཚུལ་འབྱུང་། སྙིང་རྩའི་སྦུག་ལམ་དོག་པོར་གྱུར་ནས་ཁྲག་རྒྱུགས་དཀའ་དུས་བྲང་ཁོག་ན་བའི་ནད་རྟགས་འབྱུང་།

སྙིང་དང་ཀླད་པའི་ཁྱོན་དུ་ཡོད་པའི་ཁྲག་རྩ་རྣམས་ལུས་ཀྱི་ཆ་ཤས་གཞན་གྱི་ཁྲག་རྩ་ལས་ཧ་ཅང་ཕྲ་བ་ཡོད།

ཚིལ་ཞགས་ཀྱིས་རྐྱེན་བྱས་ནས་ཁྲག་རྩའི་སྦུག་ལམ་དོག་པོར་གྱུར་ཡོད་པའི་སྐབས་སུ་ཁྲག་ལིང་དང་། ཚིལ་ཞགས། དེ་མ་ཡིན་པའི་ཁྲག་གི་ཕྲ་ཕུང་ཆེ་བ་དག་སྙིང་གི་རྩ་ལམ་དེར་འབྱོར་ནས་ཁྲག་རྩ་དོག་པོ་དེ་ལས་ཐར་མ་ཐུབ་ན་སྙིང་གི་ཆ་ཤས་གཞན་ལ་རྒྱུགས་བཞིན་པའི་ཁྲག་འགག་པར་འགྱུར་ཞིང་། དེ་ལ་ང་ཚོས་སྙིང་རྩ་འགག་ནད་ཟེར་བ་རེད།

སྙིང་གི་ནད་གཞི་འདི་རྒྱལ་སྤྱིའི་ཁྱོན་གྱི་འཆི་རྐྱེན་ཆེས་མང་བའི་ནད་གཞི་ཨང་དང་པོ་དེ་ཡིན། སྤྱི་ལོ་༢༠༡༥ ལོར་རྒྱལ་སྤྱིའི་ཁྱོན་ནས་མི་གྲངས་ས་ཡ་བཅུ་བདུན་དང་འབུམ་བདུན་ལྷག་སྙིང་གི་ནད་རིགས་ཀྱིས་རྐྱེན་ལམ་དུ་ཤོར་ཡོད།

ཁྲག་རྩ་དོག་པོར་གྱུར་བ་ཇི་ལྟར་གསོ་དགོས་སམ།

ཚིལ་ཞགས་ཀྱིས་ཁེངས་ནས་ཁྲག་རྩ་དོག་པོར་གྱུར་བ་ཞིག་གདང་དགོས་ན་བྱེད་ཐབས་འགའ་ཡོད། གཅིག་ནི་སྙིང་ཤུན་བརྒྱུད་འགོག་(percutaneous coronary intervention, PCI) གམ་ཡང་ན་རྩ་འདེད་(angioplasty) ཟེར་བའི་གསོ་ཐབས་བསྟེན་རྒྱུ་དེ་ཡིན། གསོ་ཐབས་འདིར་རྩེ་མོར་ལྒང་དབུགས་བཏགས་ཡོད་པའི་སྦུ་གུ་ (ལྒང་སྦུག་) ཅིག་ཁྲག་རྩའི་ནང་འཇུག་ཅིང་ཚིལ་ཞགས་ཀྱིས་འགག་ནས་དོག་པོར་གྱུར་བའི་གནས་སུ་འདེད་པ་རེད། ལྒང་སྦུག་དེ་འགག་ལ་ཉེ་བའི་ཁྲག་རྩའི་མཚམས་སུ་ཐོན་དུས་སྦུག་ལམ་དུ་དབུགས་བཏང་ཞིང་རྩེ་མོར་ཡོད་པའི་ལྒང་དབུགས་རྒྱོང་པ་རེད། ལྒང་དབུགས་དེ་རླུང་གིས་བརྒྱངས་ཤིང་། དེའི་ཤུགས་ཀྱིས་ཁྲག་རྩའི་ནང་གི་ཚིལ་ཞགས་དེ་དག་ཁྲག་རྩའི་ནང་ངོས་སུ་ལེབ་མོར་བཏང་ཞིང་རྩ་ལམ་ཁོད་ཇེ་ཡངས་སུ་བཏང་བ་རེད། རྩ་ལམ་གདང་རྗེས་དབུགས་ལྒང་ནང་གི་རླུང་ཀློད་ཅིང་སྦུ་གུ་དང་བཅས་པ་ཕྱིར་ཕྱུངས།

གསོ་ཐབས་འདིས་ཁྲག་རྩ་འགག་པའི་ཉེན་ཁ་ཉུང་འཕྲི་བྱེད་ཐུབ་ཀྱང་། ཁྲག་ནང་གི་ཚིལ་ཞགས་སྔར་མུས་སུ་གནས་ན་མི་མང་པོར་སླར་ཡང་ཁྲག་རྩ་འགག་པའི་སྣང་ཚུལ་འབྱུང་བཞིན་ཡོད།

ལྕགས་སྦུག་ཇི་ལྟར་བཀོལ་བ་ཡིན་ནམ།

དང་ཐོག་གཅིར་ནས་ཡོད་པའི་ལྕགས་སྦུག་ལྒང་སྦུག་སྟེང་མཐུད་ཡོད་པ་ཞིག་རྩ་ལམ་དུ་འདེད་ཅིང་། ཚིལ་ཞགས་ཀྱིས་འགག་ལ་ཉེ་བའི་ཁྲག་རྩའི་མཚམས་སུ་སྐྱེལ་བ་རེད། མཚམས་དེར་སླེབས་རྗེས་སྦུ་གུའི་ནང་དབུགས་བརྒྱངས་པ་དང་། སྦུ་གུའི་རྩེ་མོར་ཡོད་པའི་དབུགས་ལྒང་དབུགས་ཀྱིས་ཁེངས་པ་དང་མཉམ་དུ་གཅིར་ནས་ཡོད་པའི་ལྕགས་སྦུག་གི་ཁོད་ཇེ་ཡངས་སུ་སོང་བ་དང་མཉམ་དུ་ཚིལ་ཞགས་རྣམས་ཀྱང་ཁྲག་རྩའི་ནང་ངོས་དུ་དེད་པས་རྩ་ལམ་དུ་ཁྲག་རྒྱུགས་པར་དཀའ་ངལ་མེད། སྐབས་དེར་ལྒང་དབུགས་བརྟོལ་ཞིང་། དེ་དང་མཐུད་ནས་ཡོད་པའི་སྦུ་གུ་ཡང་ཕྱིར་ཕྱུངས་པ་ཡིན་ལ། ལྕགས་སྦུག་དེ་རྩ་ལམ་དུ་རང་སོར་འཇོག་དགོས་ཤིང་། དེས་ཁྲག་རྩའི་སྦུག་ལམ་ཁོད་ཡངས་སུ་གནས་པ་དང་སྙིང་དང་ལུས་ཀྱི་ཆ་ཤས་གཞན་དུ་ཁྲག་རྒྱུ་བར་རོགས་བྱེད།

ལྕགས་སྦུག་བཀོལ་མིན་དེ་ཁྲག་རྩ་འགག་ལུགས་ལ་རག་ལས་ཡོད་པ་མ་ཟད། ལྕགས་སྦུག་བཀོལ་རུང་མིན་དེ་ཡང་འགག་བཞིན་པའི་ཁྲག་རྩའི་སྦོམ་ཕྲ་དང་། གནས་གང་དུ་འགག་བཞིན་པ་སོགས་ལ་རག་ལས་ཡོད།

ལྕགས་སྦུག་བཀོལ་རྒྱུ་འདི་ཧ་ལམ་རྒྱུན་ལྡན་ལྟ་བུ་ཡིན། རྩ་འདེད་ཀྱི་གསོ་ཐབས་མང་པོ་ཞིག་ཀྱང་ལྕགས་སྦུག་བཀོལ་ནས་ལག་ལེན་བྱེད་པ་རེད།

ལྕགས་སྦུག་བཀོལ་ན་ཁེ་ཕན་ཅི་ཞིག་ཡོད་དམ།

ནད་པ་ཁ་ཤས་ལ་མཚོན་ན་སྙིང་ཤུན་བརྒྱུད་འགོག་(percutaneous coronary intervention, PCI) གམ་ཡང་ན་རྩ་འདེད་(angioplasty) བརྒྱུད་རྩ་ལམ་བཤངས་པ་བསྐྱར་དུ་འགག་པ་དེ་ལྕགས་སྦུག་བཀོལ་ན་མི་འབྱུང་།

སྙིང་རྩ་མཐུད་སྦྲེལ་(CABG)གྱི་བཤགས་བཅོས་བྱེད་མཁན་དང་བསྡུར་ན། རྩ་འདེད་དང་ལྕགས་སྦུག་བཀོལ་བའི་ནད་པ་རྣམས་བཤགས་བཅོས་ཀྱི་རིམ་པ་ལས་སོས་པ་སྔ་ཞིང་། བཤགས་བཅོས་གྲུབ་རྗེས་མི་བདེ་བའི་སྣང་བ་འབྱུང་པའང་ཉུང་།

ལྕགས་སྦུག་བཀོལ་ནས་གདང་བའི་རྩ་ལམ་ཡང་བསྐྱར་འགག་སྲིད་དམ།

ལྕགས་སྦུག་མ་བཀོལ་བར་དབུགས་ལྒང་གཅིག་པུས་རྩ་ལམ་གདང་པའི་ནད་པ་སྤྱིའི་གསུམ་ཆ་གཅིག་གི་རྩ་ལམ་ཡང་བསྐྱར་འགག་པའི་གནས་ཚུལ་ཟླ་ཤས་ནང་འབྱུང་གིན་ཡོད།

ལྕགས་སྦུག་བཀོལ་ན་རྩ་ལམ་བསྐྱར་དུ་འགག་པའི་སྣང་ཚུལ་འདི་སྔོན་འགོག་བྱེད་ཐུབ། ལྕགས་སྦུག་ལའང་རིགས་གཉིས་ཡོད། རྩ་ཕྲན་བསྐྱར་དུ་མི་དགག་པའི་ཆེད་དུ་སྨན་རྫས་ཀྱིས་བཏུམས་ཡོད་པའི་ལྕགས་སྦུག་ལ་འདག་རྫས་ལྕགས་སྦུག་ཏུ་འབོད་ཅིང་། སྨན་རྫས་མེད་པའི་ལྕགས་སྦུག་ལ་ལྕགས་རྗེན་སྦུ་གུ་རུ་འབོད་པ་རེད།

གལ་སྲིད་ལྕགས་སྦུག་བཀོལ་རུང་ཁྲག་རྩ་ཡང་བསྐྱར་འགག་པའི་སྣང་ཚུལ་འབྱུང་ན་སྙིང་རྩ་མཐུད་འབྲེལ་གྱི་བཤགས་བཅོས་(CABG) བྱེད་དགོས།

ལྕགས་སྦུག་བཀོལ་རྗེས་ངས་སྨན་ཅི་ཞིག་བསྟེན་དགོས་སམ།

གལ་སྲིད་ཁྱེད་རང་རྩ་ལམ་དུ་ལྕགས་སྦུག་འཇུག་པའི་བཤགས་བཅོས་བྱས་ཡོད་ན་ཁྲག་ལིང་ཕྲ་ཕུང་གཏོར་བའི་སྨན་སྣ་གཅིག་གམ་རེ་ཟུང་བསྟེན་དགོས། ཁྲག་ལིང་ཕྲ་ཕུང་ལ་དབྱིན་སྐད་དུ་platelets དང་། ཚན་རིག་ཆེད་སྤྱོད་བརྡ་ཆད་དུ་thrombocytes ཟེར་ཞིང་། དེ་ནི་ང་ཚོའི་ཁྲག་གི་གྲུབ་ཆ་གཅིག་ཡིན། ཁྲག་ལིང་ཕྲ་ཕུང་གི་བྱེད་ལས་ནི་ལུས་ལ་རྨ་བཏོད་དུས་རྨ་ཁ་ཡོད་སར་ཁྲག་ལིང་མང་པོ་ཡོང་ཞིང་ཕན་ཚུན་དྲ་བ་བཞིན་སྦྲེལ་ནས་ཁྲག་ཤོར་བ་འགོག་རྒྱུ་དེ་ཡིན། ཁྲག་རྩའི་ནང་ལྕགས་སྦུག་འཇུག་དུས་བཤགས་བཅོས་བྱེད་དགོས་པ་དང་། སྐབས་དེ་དང་རྗེས་སུ་ལྕགས་སྦུག་རྩ་ལན་དུ་གཏན་ཆགས་སུ་སྡོད་པའི་སྐབས་སུ་ཁྲག་ལིང་ཕྲ་ཕུང་མང་པོ་གནས་དེར་འདུ་ཞིང་ཁྲག་ལིང་གྲུབ་པ་ཡིན་པས། ཁྲག་རྩ་འགག་པའི་སྣང་ཚུལ་བ་རེད། གནས་ཚུལ་འདི་སྔོན་འགོག་བྱེད་ཆེད་ཁྲག་ལིང་ཕྲ་ཕུང་གཏོང་བའི་སྨན་བསྟེན་དགོས།

ཁྲག་ལིང་ཕྲ་ཕུང་གཏོར་བའི་བྱེད་པོ་གཅིག་ནི་ཨེ་ཟི་པིས་རིན་(aspirin 阿司匹林) ཡིན། སྨན་འདིས་ཁྲག་སླ་མོ་བཟོ། ན་ཟུག་འཇོམས། ཚ་བ་འཇོམས། མགོ་ན་བ་སངས། གཉན་ཁ་འཇོམས། སྙིང་རྩ་འགག་པའི་ཉེན་ཁ་ཉུང་འཕྲི་བྱེད། སྦྲུམ་མ་ཚོས་སྨན་འདི་བསྟེན་རུང་མིན་སྨན་པར་འདྲི་དགོས། སྨན་འདི་བསྟེན་དུས་ཆང་འཐུང་ན་བློ་ཡུལ་ལས་འདས་པའི་ཞོར་སྐྱོན་འབྱུང་སྲིད་པས་ཆང་འཐུང་མི་རུང་།

ཁྲག་ལིང་གཏོར་མཁན་གཞན་ཞིག་ནི་ P2Y12 འགྱུར་འགོག་(P2Y12 Inhibitor / P2Y12抑制剂) ཟེར་བ་འདི་ཡིན། P2Y12 འགྱུར་འགོག་གིས་ཁྲག་ལིང་གྲུབ་པའི་བརྒྱུད་རིམ་འགོག་ཅིང་། འདི་ལ་རིགས་ཁ་ཤས་ཡོད་པ་ནི་ clopidogrel (氯吡格雷)དང་། prasugrel (普拉格雷), ticagrelor (替格瑞洛) བཅས་ཡིན། ཁྱེད་ཀྱི་སྨན་པས་སྨན་འདི་གསུམ་ལས་ཁྱོད་ལ་གང་ཞིག་སྟེར་མིན་ནི་སྐབས་ཐོག་དེའི་སྨན་པའི་དཔྱད་འབྲས་སམ། ཁྱེད་རངནལ་ཁྲག་ལིང་ཆགས་པའི་ཉེན་ཁ་དང་། ཡང་ན་ཁྲག་ཆོད་དཀའ་བའི་ཉེན་ཁ་གང་ཡོད་ལ་རག་ལས་པ་རེད།

སྐབས་རེར་ཨེ་ཟི་པིས་རིན་(aspirin 阿司匹林)དང་། P2Y12 འགྱུར་འགོག་གཉིས་ཀ་མཉམ་དུ་བཀོལ་བའི་སྐབས་ཀྱང་ཡོད་ལ། འདི་ལ་ང་ཚོས་ཟུང་འབྲེལ་ལིང་འགོག་གསོ་ཐབས་(DAPT 双重抗血小板治疗)སུ་འབོད་པ་རེད། སྨན་པས་ཁྱོད་ལ་ཟུང་འབྲེལ་ལིང་འགོག་གསོ་ཐབས་སྟེང་སྨན་གཞན་ཀྱང་སྟེར་སྲིད་པ་ཡིན།

ངས་སྨན་འདི་དག་དུས་ཡུན་ཅི་ཙམ་རིང་བསྟེན་དགོས་སམ།

ཨེ་ཟི་པིས་རིན་ནི་དུས་ཡུན་ངེས་མེད་རིང་བསྟེན་པ་རེད། P2Y12 འགྱུར་འགོག་དུས་ཡུན་ཅི་ཙམ་རིང་བསྟེན་དགོས་མིན་ནི་དང་ཐོག་སྨན་པས་ཁྱེད་ལ་སྨན་འདི་སྟེར་དགོས་པའི་རྒྱུ་མཚན་ཅི་ཡིན་ལ་རག་ལས་པ་མ་ཟད། ཁྱེད་རང་ལ་ཁྲག་ལིང་ཆགས་པ་དང་། ཁྲག་ཆོད་དཀའ་བའི་ཉེན་ཁ་ཅི་ཡོད་ལ་རག་ལས་པ་ཡིན།

* གལ་སྲིད་ཁྱེད་ལ་སྙིང་རྩ་འགག་པའི་གནས་ཚུལ་བྱུང་མྱོང་ན། སྤྱིར་བཏང་གི་བླང་བྱ་ནི་ཉུང་མཐར་ཡང་ལོ་ངོ་གཅིག་རིང་ P2Y12 འགྱུར་འགོག་སྨན་བསྟེན་རྒྱུ་དེ་ཡིན་ལ། གལ་སྲིད་ཁྱེད་ལ་ཁྲག་སླ་བོར་གྱུར་ནས་ཁྲག་ཆོད་དཀའ་བའི་ཉེན་ཁ་མེད་པ་ཡིན་ན། P2Y12 འགྱུར་འགོག་སྨན་འདི་དུས་ཡུན་རིང་ཙམ་བསྟེན་ན་ཁེ་ཕན་ཆེ་ཞིང་། ཕྱིན་ཆད་སྙིང་རྩ་འགག་ནད་མི་འབྱུང་བ་ཁག་ཐེག་བྱེད་ཐུབ།

* གལ་སྲིད་ཁྱེད་ལ་ཁྲག་སླ་བོར་གྱུར་ནས་ཁྲག་ཆོད་དཀའ་བའི་ཉེན་ཁ་ཡོད་མཁན་ཞིག་ཡིན་ཚེ་ཁྱེད་ལ་ལྕགས་རྗེན་སྦུ་གུ་བཀོལ་ཡོད་སྲིད་པ་རེད། གནས་བབ་འདིར་ཁྱེད་ཀྱིས་ཉུང་མཐར་ཡང་P2Y12 འགྱུར་འགོག་སྨན་ཟླ་ངོ་གཅིག་རིང་བསྟེན་དགོས།

* གལ་སྲིད་ཁྱེད་ཀྱི་ཁྲག་རྩར་བཅུག་ཡོད་པ་དེ་འདག་རྫས་ལྕགས་སྦུག་ཡིན་ན། སྤྱིར་ཡིན་ན་སྨན་པས་ཁྱེད་ལ་ཉུང་མཐར་ཡང་P2Y12 འགྱུར་འགོག་སྨན་ཟླ་ངོ་དྲུག་ནས་བཅུ་གཉིས་བར་བསྟེན་དགོས་ལུགས་བཤད་སྲིད་པ་ཡིན། གལ་སྲིད་ཁྱེད་ལ་ཁྲག་སླ་བོར་གྱུར་ནས་རྗེས་སུ་ལུས་ཀྱི་ཕྱི་ནང་གང་དུ་རྨ་བཟོས་ན་ཁྲག་ཆོད་དཀའ་བར་འགྱུར་བའི་ཉེན་ཁ་ཡོད་ཚེ། སྨན་པས་ཁྱེད་ལ་P2Y12 འགྱུར་འགོག་སྨན་ཟླ་ངོ་གསུམ་ནས་དྲུག་ལས་མི་སྟེར། གལ་སྲིད་ཁྲག་སླ་བོར་འགྱུར་བའི་ཉེན་ཁ་མེད་ཚེ་P2Y12 འགྱུར་འགོག་སྨན་ཟླ་ངོ་དྲུག་ནས་བཅུ་གཉིས་བར་བསྟེན་ན་དེས་ཁྱེད་ལ་ཁེ་ཕན་བསྐྲུན་ཞིང་། ཕྱིན་ཆད་སྙིང་རྩ་འགག་པའི་སྣང་ཚུལ་སྔོན་འགོག་བྱེད་ཐུབ།

སྨན་གང་ཞིག་བསྟེན་ཀྱང་། ཁྱེད་ཀྱིས་སྨན་པའི་ལམ་སྟོན་ལྟར་བསྟེན་རྒྱུ་གལ་གནད་ཆེན་པོ་ཡིན། རང་ངོས་ནས་སྨན་བསྟེན་པ་དང་མཚམས་འཇོག་བྱེད་པའི་བྱ་སྤྱོད་ཀྱིས་ལྕགས་སྦུག་ནང་ངོས་སུ་ཁྲག་ལིང་ཆགས་པའི་ཉེན་ཁ་བསྐྱེད། དམིགས་བསལ་གྱིས་ལྕགས་སྦུག་བཀོལ་རྗེས་ཀྱི་ཟླ་བ་དང་པོའམ། ཡང་ན་དེའི་ཕྱིས་སུ་ཉེན་ཁ་འདི་འབྱུང་ཉེན་ཆེ། སྨན་པའི་ལམ་སྟོན་ལ་དོ་སྣང་དང་། གསལ་བོ་མ་ཆགས་ན་དྲི་བ་འདྲི་རྒྱུ་ནི་རྩོམ་ཡིག་འདི་ཀློག་པ་ལས་གལ་གནད་ཆེ་བ་ཡིན།

Leave a Reply

Your email address will not be published. Required fields are marked *